༄༅། །བལ་ཡུལ་དགེ་ལྡན་ལྷན་ཚོགས་འདི་ཉིད་དབུ་བརྙེས་ནས་ད་ལྟའི་བར་གྱི་བསྒྲུབས་ཟིན་པའི་ལས་དོན་གལ་ཆེ་ཁག་ནི། སྐབས་དང་པོའི་རྒྱུན་ལས་གསུམ་གྱི་རིང་ལས་དོན་དང་པོ་ནི་ཕྱི་ལོ་༢༠༠༩ ཕྱི་ཟླ་༩ ཚེས་ ༢༥ ཉིན་ལྷན་ཚོགས་འདི་ཉིད་ཀྱི་ཚོགས་གཙོ་དང་སློབ་སྟོན་པ་ཀུན་བརྩེ་རིན་པོ་ཆེ་རྣམ་གཉིས་སྡ་སར་ཆེད་མངགས་ཀྱིས་རང་ཅག་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དྲུང་དུ་ལྷན་ཚོགས་འདི་ཉིད་ཀྱི་ལས་རིམ་དང་མ་འོངས་དམིགས་ཡུལ་སོགས་སྙན་གསོལ་དང་ལྷན་ཚོགས་འདི་ཉིད་གསར་འཛུགས་ཆོག་པའི་བཀའ་ཁྲོལ་ཆོག་མཆན་སྐྱབས་འཇུགགསོལ་འདེབ་ཞུས་པ་བཞིན། མགོན་པོ་གང་ཉིད་ནས་ཐུགས་དགྱེས་ཚོར་ཆེན་པོའི་ངང་ལྷན་ཚོགས་འདི་ཉིད་གསར་འཛུགས་ཆོག་པའི་བཀའ་ཁྲོལ་ཆོག་མཆན་གྱི་བཀའ་ཡིག་དང་མ་འོངས་ལམ་སྟོན་གྱི་བཀའ་སློབ་བཀྲིན་གཞལ་དུ་མེད་པ་གསོལ་སྩལ་བྱུང་བ་མ་ཟད་རྟེན་འབྲེལ་དང་བྱིན་རླབས་མཚོན་བྱེད་ཀྱི་གསོལ་རས་ཀྱང་རྒྱ་མི་ཆུང་བ་བཀའ་དྲིན་གྱི་སྐལ་བ་བཟང་པོ་ལེགས་པར་ཐོབ་པ་ནི་རང་ཅག་རྣམས་ཀྱི་དགའ་གུས་ཡི་རངས་སུ་ཆེ་བའི་སྔོན་འགྲོའི་ལས་དོན་དང་པོ་ཡིན།

ལས་དོན་གཉིས་པ་ནི།

ཕྱི་ལོ་༢༠༠༩་ཕྱི་ཟླ་༩ ཚེས་༢༨ ཉིན་ལྷན་ཚོགས་འདིའི་འགྲོ་གྲོན་གཏོང་རྒྱུའི་མཐུན་རྐྱེན་མ་རྩ་བསྡུ་རུབ་ཞུ་ཆེད་འདི་ག་བལ་ཡུལ་ཁུལ་དུ་གནས་བཞུགས་་འབྲེལ་ཡོད་དད་སྦྱིན་ལྷག་བསམ་ཅན་གྱི་འབྱོར་ལྡན་རྣམས་གདན་ཞུས་ཀྱིས་ལྷན་ཚོགས་ཀྱི་ལས་རིམ་སྙན་སྒྲོན་དང་འབྲེལ་ཞལ་འདེབས་འབོད་སྐུལ་ཞུས་པ་བཞིན་དད་སྦྱིན་རྣམས་ནས་ཀྱང་རང་རང་འཁོས་བབས་ལ་གཞིག་སྟེ་ཞལ་འདེབས་རྒྱ་མི་ཆུང་བ་གནང་བ་མ་ཟད་ལྷན་ཚོགས་ཀྱི་ལས་རིམ་ཁག་ལ་བསྔགས་བརྗོད་ཀྱང་ལེགས་པར་ཐོབ་པ་ནི་ལས་དོན་གསུམ་པ་ཡིན།

ལས་དོན་གསུམ་པ་ནི།

ཕྱི་ལོ་༢༠༠༩ ཕྱི་ཟླ་༩ ཚེས་༩ ཉིན་ལྷན་ཚོགས་ཀྱི་ལས་དོན་དང་དམིགས་ཡུལ་རྣམས་ཡར་རྒྱས་སྲ་བརྟན་ཡོང་ཆེད་རང་ཁོངས་དགོན་སྡེ་གི་མཁན་བླ་དགེ་བའི་བཤེས་གཉེན་རྣམས་དང་། ཕྱག་མཛོད་རྣམ་པ། ཤེས་ཡོན་་འགན་འཛིན་བཅས་མི་གྲངས་སུམ་ཅུ་ལྷག་གདན་ཞུས་ཀྱིས་ལྷན་ཚོགས་འདིའི་སྒྲིག་གཞི་ངེས་ཅན་ཞིག་གཏན་འབེབས་ཆེད་བཀའ་བསྡུར་དགོངས་འཆར་མཐིལ་ཕྱིན་པ་གནང་སྟེ་མཐའ་དོན་ཚོགས་བཞུགས་པ་ཡོངས་ནས་དགོངས་པ་གཅིག་མཐུན་གྱིས་ལྷན་ཚོགས་འདིའི་སྒྲིག་གཞི་གཏན་འབེབས་ལེགས་པར་གནང་ཐུབ་པ་ནི་ལས་དོན་གསུམ་པ་ཡིན།

ལས་དོན་བཞི་པ།

རང་ཁོངས་དགོན་སྡེ་ཁག་གི་སློབ་གཉེར་བ་ཉིས་བརྒྱ་ལྷག་བསྡུ་རུབ་ཀྱིས་ཕྱི་ལོ་ ༢༠༠༩ ཕྱི་ཟླ་༡༠ ཚེས་ ༢༧ ཉིན་ནས་ཉིན་གྲངས་བདུན་གྱི་རིང་ཀོ་པཎ་འོག་མིན་བྱང་ཆུབ་ཆོས་གླིང་དགོན་དུ་རྟེན་འབྲེལ་གྱི་རྩོད་པ་འཇང་དགུན་ཆོས་སྔོན་འགྲོའི་ཚོད་ལྟའི་ཆེད་ཚོགས་པ་དེས་འབྲེལ་ཡོད་སློབ་གཉེར་བ་དང་དཔེ་ཁྲིད་རྒན་བཅས་ལ་འབྱུང་འགྱུར་ལོ་ལྟར་འཇང་དགུན་ཆོས་ཚོགས་གཏན་འཁེལ་བའི་གདེང་སྤོབས་བསྐྲུན་ཐུབ་པ་བྱུང་བ་ནི་ལས་དོན་བཞི་པ་ཡིན།

ལས་དོན་ལྔ་པ་ནི།

ཕྱི་ལོ་༢༠༡༠ ཕྱི་ཟླ་༡ ཚེས་ ༤ ཉིན་སྐབས་གཉིས་པའི་རྒྱུན་ལས་རྣམས་ནས་གནས་མཆོག་རྡོ་རྗེ་གནད་གྱི་ཀིར་ཏི་གསོོལ་མགྲོན་ཁང་དུ་འཇམ་མགོན་རྒྱལ་བའི་༧རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་༧སྐྱབས་རྗེ་ཤར་བྱང་གི་ཆོས་རྗེ་རྣམ་པ་གཉིས། གདན་ས་གསུམ་གྱི་༧་སྐྱབས་རྗེ་མཁན་རིན་པོ་ཆེ་རྣམ་པ། རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ཚོགས་གཙོ་བཅས་རི་བོ་དགེ་ལྡན་པའི་དབུ་འཛིན་རྣམས་གདན་ཞུས་ཀྱིས་ལྷན་ཚོགས་ཀྱི་ལས་དོན་དང་། དམིགས་ཡུལ། རེ་བ་བཅས་སྙན་གསོལ་ལེགས་པར་ཞུ་ཐུབ་པ་བྱུང་བ་ཡིན།མཐའ་དོན་ཚོགས་བསྡུའི་དབུ་བཞུགས་གཙོ་བོ་འཇམ་མགོན་རྒྱལ་བའི་༧རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་༧སྐྱབས་རྗེ་ཤར་བྱང་གི་ཆོས་རྗེ་རྣམ་པ་གཉིས་ནས་ཀྱང་བཀའ་སློབ་བཀའ་དྲིན། ལེགས་པར་བསྐྱངས་སྟེ་ཐེངས་འདིའི་ཚོགས་བསྡུ་ལེགས་པར་སྒྲུབ་ཡོད།

ལས་དོན་དྲུག་པ།

རང་ཁོངས་དགོན་སྡེ་ཁག་གི་སློབ་གཉེར་བ་རྣམས་ཤེས་ཡོན་ལ་དོན་གཉེར་སྔར་ལས་ལྷག་འཕེལ་བའི་ཐབས་ལམ་གྱི་སྐུལ་མའི་ཆེད་ཕྱི་ལོ་༢༠༡༠ ཕྱི་ཟླ་༢ ཚེས་༢༤ ཉིན་ཀོ་པཎ་འོག་མིན་བྱང་ཆུབ་ཆོས་གླིང་དགོན་དུ་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དུས་ཆེན་ཁྱད་པར་ཅན་དང་སྟབས་བསྟུན་དགེ་འདུན་འདུས་མངས་དབུས་སུ་༧སྐྱབས་རྗེ་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་ལོ་གཅིག་གི་སློབ་གཉེར་བ་རྩེ་ཕུད་རྣམས་ལ་སློབ་མ་རྩེ་ཕུད་ཀྱི་ཕྱག་འཁྱེར་ཕུལ་སྟེ་སློབ་གཉེར་བ་རྣམས་ཤེས་ཡོན་ལ་རྟིང་སྐུལ་དང་དོན་གཉེར་འབྱུང་བའི་སེམས་ཤུགས་དང་སྙིང་སྟོབས་བླ་ལྷག་ཏུ་བསྐྲུན་པ་ཡིན།

ལས་དོན་བདུན་པ།

ཕྱི་ལོ་༢༠༡༠། བོད་ཟླ་༤། ཚེས་༡༢། ཕྱི་༥། ཚེས་༢༥། རེས་གཟའ་མིག་དམར་ཉིན་ཉེ་སྔོན་བོད་མདོ་ཁམས་སྐྱེ་རྒུ་མདོར་རང་བྱུང་གིས་རྐྱེན་པས་བོད་མི་བརྒྱ་ཕྲག་ལྷག་འདས་གྲོངས་སུ་གྱུར་པ་ལ་མཆོད་རྟེན་བྱ་རུང་ཁ་ཤོར་དུ་མཆོད་འབུལ་སྨོན་ལམ་ཟབ་རྒྱས་ཤིག་གོ་སྒྲིག་ཞུས་ཡོད། དེ་ཡང་ས་ག་ཟླ་བའི་དུས་ཆེན་ཁྱད་པར་ཅན་དང་སྟབས་བསྟུན་གྱིས་ཚེ་འདས་རྣམས་ཀྱི་བདུན་ཚིགས་དྲུག་པའི་ཉིན་མཆོད་འབུལ་སྨོན་ལམ་ཞིག་གོ་སྒྲིག་ཞུས་ཏེ་ཚོགས་མགོན་དུ་དགེ་ལྡན་བསྟན་པའི་གསལ་བྱེ་༧སྐྱབས་རྗེ་བཟོད་པ་རིན་པོ་ཆེ་མཆོག་དབུ་བཞུགས་གཙོ་བོའི་དགེ་ལྡན་དགོན་སྡེ་ཁག་གི་མཁན་བླ་རྣམ་པ་དང་གྲྭ་བཙུན་སྟོང་ཕྲག་ལྷག་བསྡུ་འཛོམས་ཀྱིས་མཆོད་འབུལ་སྨོན་ལམ་ཟབ་རྒྱས་ཤིག་ཚོགས་ཡོད། ཐེངས་འདིའི་མཆོད་འབུལ་སྨོན་ལམ་བལ་ཡུལ་དགེ་ལྡན་ལྷན་ཚོགས་དང་བལ་ཡུལ་དགེ་ལྡན་སྨོན་ལམ་ཚོགས་པ་བཅས་ཡིན།

 ལས་དོན་བརྒྱད་པ།

ཕྱི་ལོ་༢༠༡༠།ཕྱི་ཟླ་༩་ཚེས་༡༣་ཉིན་ལྷན་ཚོགས་འདི་ཉིད་མ་འོངས་སྲ་བརྟན་ཡོང་ཆེད་བལ་ཡུལ་གཞུང་གི་ཁྲིམས་མཐུན་བཞིན་ཚོགས་པ་ཁག་ལ་དེབ་སྐྱེལ་ལེགས་པར་ཞུས་པ་ཡིན། དེ་ཡང་རྫོང་གི་འཛིན་སྐྱོང་ལས་ཁུངས་དང་སྤྱི་ཚོགས་ཞབས་ཞུའི་ཚོགས་པར་དེབ་སྐྱེལ་ཞུས་པ་དང་བལ་ཡུལ་གཞུང་ནས་ཀྱང་ལྷན་ཚོགས་འདི་ཉིད་སྤྱི་ཚོགས་ཞབས་ཞུའི་ཚོགས་པར་གལ་ཆེ་ཞིག་ལ་ངོས་འཛིན་གནང་སྟེ་དཔྱ་ཁྲལ་མི་དགོས་པའི་ཕྱག་འཁྱེར་གནང་བ་ནི་དགའ་སྤྲོ་དང་རྗེས་སུ་ཡི་རངས་ཀྱི་གནས་སུ་གྱུརཡོད།

ལས་དོན་དགུ་པ།

ཕྱི་ལོ་༢༠༡༠ ཕྱི་ཟླ་༩ ཚེས་༡༤།༡༥ ཉིན་གཉིས་ཀྱི་རིང་ཧི་མཱ་ལ་ཡའི་གཞོན་སྐྱེས་རྣམས་ལ་ནང་ཆོས་ཀྱི་གོ་རྟོགས་དང་། ནང་ཆོས་ལ་དོན་གཉེར་གྱི་སྤྲོ་བ་སྔར་ལས་ལྷག་འཕེལ་བའི་ཆེད་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་མཁས་དབང་དགེ་བཤེས་ལྷག་རྡོར་ལགས་དང་ཉམས་ཞིབ་པ་རྒན་ཀརྨ་རྣམ་གཉིས་ཆེད་དུ་གདན་ཞུས་ཀྱིས་མཆོད་ཇོར་ས་གནས་འགོ་འཛིན་གྱི་ཚོགས་ཆེན་མོའི་ནང་རིག་གསར་ཚན་རིག་དང་འབྲེལ་བའི་ནང་ཆོས་ཀྱི་ཟབ་སྦྱོང་ཞིག་གོ་སྒྲིག་གནང་སྟེ་ཉིན་གཉིས་ཀྱི་ཟབ་སྦྱོང་དུ་ཚོགས་ཐེངས་གསུམ་ཚོགས་ཡོད། ཚོགས་ཐེངས་དང་པའི་ཐོག་ནང་ཆོས་ཚན་རིག་དང་རིག་གསར་ཚན་རིག་བར་གྱི་འབྲེལ་ལམ་ངོ་སྤྲོད། ཚོགས་ཐེངས་གཉིས་པའི་ཐོག་དངོས་ཁམས་ཚན་རིག་དང་རྡུལ་ཕྲན་སྐོར། ཚོགས་ཐེངས་གསུམ་པའི་ཐོག་སེམས་ཁམས་ཚན་རིག་དང་ཀླད་ཚད་སོགས་ཀྱི་སྐོར་ལ་ཟབ་སྦྱོང་ཚོགས་ཆེན་ཞིག་ཚོགས་ཐུབ་པ་བྱུང་བ་དང་ཟབ་སྦྱོང་དུ་ཆོས་བརྒྱུད་ཆེན་པོ་བཞིའི་གྲྭ་བཙུན་དང་། གཡུང་དྲུང་བོན། ཇོ་ནང་། སྤོ་རོང་དཔལ་མོ་ཆོས་ལྡིངས། མཐོ་སློབ་ཁག་གི་སློབ་མ།མཐོ་སློབ་ཁག་གི་སློབ་ཟུར་བ་བཅས་མི་གྲངས་ལྔ་བརྒྱ་ལྷག་མཉམ་བཞུགས་གནང་སྟེ་ཟབ་སྦྱོང་གྲུབ་འབྲས་ལྡན་པའི་ངང་ཚོགས་ཐུབ་པ་བྱུང་ཡོད། ཐེངས་འདིའི་ཟབ་སྦྱོང་གི་མཐུན་འབྱོར་ནི་བལ་ཡུལ་དགེ་ལྡན་ལྷན་ཚོགས་དང་ཧི་མཱ་ལ་ཡའི་གཞོན་སྐྱེས་དང་བུ་མེད་ཤེས་ཡོན་འཕེལ་རྒྱས་བསྟེ་གནས་ཁང་བཅས་ཡིན།

ལས་དོན་བཅུ་པ།

ཕྱི་ལོ་༢༠༡༠ ཕྱི་ཟླ་༩ ཚེས་༢༠ ཉིན་ནས་ཉིན་གྲངས་བཅོ་ལྔའི་རིང་འཕགས་ཤིང་གྲུབ་དགོན་ཐུགས་རྗེ་ཆོས་གླིང་དུ་འཇང་དགུན་ཆོས་དངོས་གཞི་དེ་ཚོགས་ཡོད། དེ་ཡང་ཕྱི་ཟླ་༩ ཚེས་༢༠ ཉིན་༧སྐྱབས་རྗེ་གྲུབ་ཐོབ་རིན་པོ་ཆེ་མཆོག་གི་དབུ་བཞུགས་ཐོག་ཞོགས་པར་འཇམ་དབྱངས་བཞུགས་ཁྲིའི་མདུན་འཇམ་དབྱངས་བསྟོད་པ་དང་རྒྱན་འཇུག་གཉིས་སོགས་ཞལ་འདོན་གྲུབ་མཚམས་༧རྒྱལ་བའི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེ་གདན་ཞུས་ཀྱིས་མཛད་སྒོ་ཞིག་གྲུབ་པ་དང་རྟེན་འབྲེལ་གྱི་རྩོད་པ་བསྡུས་ཙམ་ཚོགས་ཡོད། འཇང་དགུན་ཆོས་སྐབས་དགོན་སྡེ་ཁག་གི་ཤེས་ཡོན་འགན་འཛིན་བཅུ་དང་། དཔེ་ཁྲིད་རྒན་གྲངས་བཅུ་གསུམ་བཅས་ཕེབས་སྟེ་གཟིགས་རྟོག་དང་ཐུགས་འགན་ཡང་ཆེར་བཞེས་གནང་ཡོད། དགོན་སྡེ་ཁག་བརྒྱད་ནས་སློབ་མ་གྲངས་བཞི་བརྒྱ་ལྷག་མཉམ་འཛོམས་ཀྱིས་འཇང་དགུན་ཆོས་ཀྱི་ཆོས་ཐོག་ཆེན་མོ་སྒྲིག་འཛུགས་དང་ལྡན་པའི་ངང་ཚོགས་ཐུབ་པ་བྱུང་ཡོད།

 ལས་དོན་བཅུ་གཅིག་པ།

ཕྱི་ལོ་༢༠༡༠།བོད་ཟླ་༡༡ཚེས་༡༣རེས་གཟའ་ཉི་མའི་ཉིན་ཀོ་པཎ་འོག་མིན་བྱང་ཆུབ་ཆོས་གླིང་དགོན་དུ་དགེ་ལྡན་བསྟན་པའི་གསལ་བྱེད་༧སྐྱབས་རྗེ་བཟོད་པ་རིན་པོ་ཆེ་མཆོག་གི་དབུ་བཞུགས་འོག་བལ་ཡུལ་དགེ་ལྡན་ལྷན་ཚོགས་ཀྱི་ཁྱབ་ཁོངས་དགོན་སྡེ་ཁག་གི་གཞུང་ཆེན་སློབ་གཉེར་སྔར་ལས་ཡར་རྒྱས་ཚགས་ཚུད་སྲ་བརྟན་ཡོང་སླད་འདི་ལོ་ཕྱི་ལོ་༢༠༡༠།ལོ་ནས་བཟུང་ལོ་ལྟར་རབ་འབྱམས་པའི་དགེ་ལྡན་གཙུག་ལག་སློབ་གཉེར་ཁང་གི་རྒྱུགས་སྤྲོད་ཆེན་མོ་དབུ་འཛུགས་ཞུས་ཡོད། དེ་ཡང་ཉིན་དང་པོའི་མཛད་སྒོའི་ཐོག་དགེ་ལྡན་བསྟན་པའི་གསལ་བྱེད་༧སྐྱབས་རྗེ་བཟོད་པ་རིན་པོ་ཆེ་མཆོག་གི་དབུ་བཞུགས་འོག་སྐྱབས་རྗེ་གྲུབ་ཐོབ་རིན་པོ་ཆེ། ཀོ་པཎ་མཁན་རིན་པོ་ཆེ་དགེ་བཤེས་ལྷུན་གྲུབ་སོགས་དགོན་སྡེ་ཁག་གི་མཁན་བླ་དང་།འགན་འཛིན་། དགེ་བསྐོས། གཞན་ཡང་ལྷག་བསམ་ཅན་གྱི་དད་སྦྱིན་ཁག རྒྱུགས་སྤྲོད་པ། གསར་འགོད་པ་བཅས་མི་གྲངས་གཉིས་བརྒྱ་ལྷག་བསྡུ་འཛོམས་ཀྱི་ཐོག་མཛད་སྒོ་ཟབ་རྒྱས་ངང་ཚོགས་གནང་ཡོད།

ཉིན་རྒྱབ་ཕྱག་ཚོད་༢་ཐོག་རྩོད་རྒྱུགས་བང་རིམ་དང་གཏན་འབེབས་དང་ཞུས་མཚམས་མཛོད་རྩོད་རྒྱུགས་གནང་།

བོད་ཚེས་༡༤་རེས་གཟའ་ཟླ་བའི་ཉིན་གྱི་ཞོགས་པ་རྣམ་འགྲེལ་མ་གཏོགས་པའི་གཞུང་ཆེན་གཞན་བཞིའི་བྲི་རྒྱུགས་གནང་།

བོད་ཚེས་༡༥་རེས་གཟའ་མིག་དམར་ཉིན་གྱི་ཞོགས་པ་ཕྱག་ཚོད་༩་པའི་ཐོག་འདུལ་བ་དང་དབུ་མ་རྩོད་རྒྱུགས་གནང་། ཉིན་རྒྱབ་ཕྱག་ཚོད་༢་པ་ནས་ཕར་ཕྱིན་རྩོད་རྒྱུགས་གནང་།

བོད་ཚེས་༡༦་རེས་གཟའ་ལྷག་པའི་ཉིན་རྒྱན་ཕྱག་ཚོད་༢་པ་ན་ཆོས་འབྱུང་དང་སུམ་ཅུ་པའི་བྲི་རྒྱུགས་གནང་།

བོད་ཚེས་༡༦་རེས་གཟའ་པ་སངས་ཉིན་རྣམ་འགྲེལ་ལེའུ་དང་པོ་རྩོད་རྒྱུགས་དང་ཉིན་རྒྱབ་ཕྱག་ཚོད་༢་པ་ནས་རྣམ་འགྲེལ་ལེའུ་གཉིས་པའི་རྩོད་རྒྱུགས་གནང་ཡོད།

དེ་ལྟར་བལ་ཡུལ་དགེ་ལྡན་གཙུག་ལག་སློབ་གཉེར་ཁང་གི་རྒྱུགས་སྤྲོད་ཆེན་མོ་དབུ་ཚུགས་ཏེ་བདུན་ཕྲག་གཅིག་གི་རིང་ལེགས་པར་སྒྲུབས་ཡོད།

མཇུག་བསྡོམས་སུ་ཀོ་པཎ་དགོན་མཁན་རིན་པོ་ཆེ་མཆོག་གི་དབུ་བཞུགས་ཐོག་ལྷན་ཚོགས་ཀྱི་ཁྱབ་ཁོངས་དཔེ་ཁྲིད་རྒན་རྣམ་པ་དང་ཤེས་ཡོན་འགན་འཛིན་རྣམ་པ་བཅས་ལྷན་འཛོམས་སུ་མཁན་རིན་པོ་ཆེ་མཆོག་ནས་བཀའ་སློབ་གནང་དོན་བལ་ཡུལ་དགེ་ལྡན་གཙུག་ལག་སློབ་གཉེར་ཁང་གི་རྒྱུགས་སྤྲོད་ཆེན་མོ་ལེགས་སྒྲུབ་བྱུང་བར་བསྔགས་བརྗོད་དང་དེ་བཞིན་འདི་གའི་ལྷན་ཚོགས་དང་རྒྱུགས་སྤྲོད་པ་རྣམས་ལའང་བཀའ་སློབ་ལམ་སྟོན་གནང་མཚམས་རྒྱལ་བའི་སྐུ་དཔར་མཐོང་སྒྲོལ་རིན་པོ་ཆེ་གདན་ཞུས་ཀྱིས་མཇུག་བསྡོམས་ཀྱི་མཛད་རིམ་གྲུབ་པ་ཡིན།

སྤྲོད་ཆེན་མོའི་ནང་ཀོ་པཎ་འོག་མིན་བྱང་ཆུབ་ཆོས་གླིང་། ཀོ་པཎ་བཙུན་དགོན་མཁའ་སྤྱོད་དགའ་འཁྱིལ་གླིང་། ཆུ་དབར་འགྲོ་ཕན་གླིང་བཅས་དགོན་པ་གསུམ་ནས་བསྡོམས་སློབ་གཉེར་བ་གྲངས་ཉི་ཤུ་ནས་རྒྱུགས་སྤྲོད་ཆེན་མོའི་ནང་མཉམ་བཞུགས་གནང་ཡོད། རྒྱུགས་སྤྲོད་དོ་དམ་པ་ནི།

ཀོ་པཎ་དགོན་གྱི་དགེ་བཤེས་བློ་བཟང་ཤེས་རབ་ལགས།

ཆུ་བཟང་དགོན་གྱི་དགེ་བཤེས་བློ་བཟང་རྒྱལ་མཚན་ལགས།

ཆུ་དབར་འགྲོ་ཕན་གླིང་གི་དགེ་བཤེས་ཐུབ་བསྟན་བརྩོན་འགྲུས་ལགས་ཡིན། གཞུང་ཆེན་བཀའ་པོད་ལྔའི་རྒྱུགས་སྤྲོད་ཆེན་མོ་ལྟར་གོ་སྒྲིག་གནང་རྒྱུ་ནི་ལྷན་ཚོགས་འདིའི་དམིགས་ཡུལ་གལ་ཆེ་ཞིག་ཡིན།