གཞུང་ཆེན་བཀའ་པོད་ལྔའི་ངོ་སྤྲོད།

༄༅། །གཞུང་ཆེན་བཀའ་པོད་ལྔ་ནི་སྤྱིར་ནང་པ་སངས་རྒྱས་པའི་ལྟ་སྒོམ་སྤྱོད་གསུམ་གྱི་རྣམ་གཞག་སངས་རྒྱས་ཀྱི་དགོངས་པ་དང་མཐུན་པར་འཛིན་སྐྱོང་སྤེལ་གསུམ་མཛད་པ་ལ་འགྲན་ཟླ་མེད་པའི་མཁས་པའི་གཙུག་རྒྱན་དཔལ་ན་ལཎྜའི་མཁས་གྲུབ་གཉིས་ལྡན་གྱི་པཎ་སྒྲུབ་བཅུ་བདུན་རྣམས་ཀྱི་གཞུང་ལུགས་རྒྱ་མཚོ་ལྟ་བུ་ཡོད་པ་རྣམས་བསྡུས་ན། ཚད་མ་རྣམ་འགྲེལ། ཕར་ཕྱིན། དབུ་མ། མཛོད། འདུལ་བ། བཅས་གཞུང་ཆེན་བཀའ་པོད་ལྔར་བསྡུས་ཤིང་། གཞུང་ཆེན་འདི་དག་གི་ནང་ནས་སྲོག་ཤིང་ལྟ་བུ་ནི་ཕར་ཕྱིན་ཡིན། དེ་ཡང་རྣལ་འགྲེལ་ཕར་ཕྱིན་གྱི་རིགས་པ་དང། དབུ་མ་ཕར་ཕྱིན་གྱི་རང་ལུགས་མཐར་ཐུག མངོན་པ་མཛོད་ཕར་ཕྱིན་གྱི་མིང་གི་རྣམ་གྲངས། འདུལ་བ་ཕར་ཕྱིན་གྱི་ཉམས་ལེན་དངོས་ཡིན་པས། དེ་དག་ཕན་ཚུན་འབྲེལ་བ་དམ་ཟབ་ཡོད་པ་ཡིན་ཞིང། དེ་དག་ཀྱང་སྡེ་སྣོད་གསུམ་གྱི་སྡོམ་ཡིན་ཏེ། ཚད་མ་དང་དབུ་མ། མཛོད་གསུམ། མངོན་པའི་སྡེ་སྣོད་ཀྱི་སྡོམ་དང། ཕར་ཕྱིན་ནི་མདོ་སྡེའི་སྡེ་སྣོད་ཀྱི་སྡོམ། འདུལ་བ་ནི་ཐེག་པ་ཆེ་ཆུང་གཉིས་ཀའི་འདུལ་བའི་སྡེ་སྣོད་ཡིན་པ་དང།

དེར་མ་ཟད་ཐེག་པ་ཆེ་ཆུང་གཉིས་ཀའི་ལྟ་སྒོམ་སྤྱོད་གསུམ་ཀྱང་འཆད་ཏེ། ཐེག་པོ་ཆེན་པོའི་ལྟ་བ་ནི། དབུ་མ་དང་ཚད་མའི་གཞུང་གིས་འཆད་པ་དང། ཐེག་པ་ཆུང་ངུའི་ལྟ་བ་དང་སྤྱོད་པ་ནི་མངོན་པ་མཛོད་ཀྱིས་འཆད་པ་དང། ཐེག་པ་ཆེ་ཆུང་གཉིས་ཀའི་མཐུན་མོང་གི་ཚུལ་ཁྲིམས་ཀྱི་སྤྱོད་པ་ནི་འདུལ་བ་ནས་འཆད། ཐེག་པ་ཆེ་ཆུང་སྤྱོད་པ་འཆད་པའི་ཞོར་དེ་དག་གི་སྒོམ་གྱི་རྣམ་གཞག་ཀྱང་འཆད་པ་ཡིན། མ་ཟད་བཀའ་པོད་ལྔ་སོ་སོའི་ཐད་མཐུན་མོང་མ་ཡིན་པའི་ཁྱད་པར་གྱི་ཆོས་ཀྱང་ཡོད་དེ། སྔ་རྒོལ་ཕྱི་རྒོལ་བྱས་ནས་རྩོད་དཀའ་བ་ཚད་མ་རྣམ་འགྲེལ། གཏིང་དཔག་དཀའ་བའི་ཆ་ནས་ཕར་ཕྱིན་རྩ་འགྲེལ། རྣམ་གྲངས་བརྩི་དཀའ་བའི་མ་ནས་མངོན་པ་རྩ་འགྲེལ། ཉམས་སུ་བླངས་དཀའ་བའི་ཆ་ནས་འདུལ་བ་རྩ་འགྲེལ་ཞེས་ཀྱང་གྲགས།

བརྗོད་བྱའི་ཆ་ནས་ཀྱང། དབུ་མ། ཕར་ཕྱིན། རྣམ་འགྲེལ་གསུམ་དུ་བརྗོད་བྱ་ལྐོག་གྱུར་བཙོ་བོར་སྟོན་ཅིང། མངོན་པ་དང། འདུལ་བ་གཉིས་ཀྱི་བརྗོད་བྱ་མངོན་གྱུར་གཙོ་བོར་སྟོན་པར་བྱེད་ཡིན།

དེ་ལྟར་བཀའ་པོད་ལྔ་ལས་ཕྱེ་བའི་གཞུང་ལུགས་མང་དུ་ཡོད་པ་རྣམས་ཀྱི་ནང་ནས། སློབ་གཉེར་བྱ་ཡུལ་གྱི་གཞུང་གཙོ་བོ་གྲགས་ཆེ་བ་རྣམས་ནི་གཤམ་གསལ་རེའུ་མིག་ལྟར། འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་མཛད་པའི་དབུ་མའི་གཞུང་ལུགས་དང་། དེ་དག་གི་འགྲེལ་བ་ཁག་དང། རྗེ་བཙུན་བྱམས་མགོན་དང་འཕགས་པ་ཐོག་མེད། འཕགས་པ་གྲོལ་སྡེ། སློབ་དཔོན་སེང་གེ་བཟང་པོ་ལ་སོགས་པའི་མཛད་པའི་ཕར་ཕྱིན་རྩ་འགྲེལ་རྣམས་དང། ཐོམ་མེད་སྐུ་མཆེད་ཀྱི་མཛད་པའི་མངོན་པའི་གཞུང་ལུགས་རྩ་འགྲེལ་ཁག་དང། སློབ་དཔོན་ཕྱོགས་གླང་དང་ཆོས་གྲགས་ཀྱི་མཛད་པའི་ཚད་མའི་གཞུག་ལུགས་རྩ་འགྲེལ་ཁག་བཅས་ཡིན་ལ།

ཚད་མའི་གཞུང་ལ་སློབ་གཉེར་བྱེད་སྐབས་སློབ་དཔོན་ཆོས་གྲགས་ཀྱི་མཛད་པའི་ཚད་མ་རྣམ་འགྲེལ་རྩ་བ་དང། རྒྱལ་ཚབ་རིན་པོ་ཆེས་མཛད་པའི་རྣམ་འགྲེལ་འགྲེལ་བ་མཐར་ལམ་གསལ་བྱེད་གང་རུང་བློ་འཛིན་ཐོག རྒྱལ་ཚབ་རིན་པོ་ཆེས་མཛད་པའི་རྣམ་འགྲེལ་མཐར་ལམ་གསལ་བྱེད་དཔེ་འཁྲིད་སྟེང་དེའི་ཐད་ཀྱི་ཀྱི་ཚད་མ་ཀུན་བཏུས་དང་རྣམ་འགྲེལ་རྩ་བ་བཅས་ཀྱི་འགྲེལ་བཤད་དང། དེའི་སྟེང་མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་མཛད་པའི་ཊིཀ་ཆེན་རིགས་པའི་རྒྱ་མཚོ་དང་གྲྭ་ཚང་སོ་སོའི་ཚད་མའི་ཡིག་ཆའི་སྟེང་ནས་དཀའ་གནད་ལ་དོགས་དཔྱོད་བྱེད་པའི་སྲོལ་ཡོད་པ་དང།

ཕར་ཕྱིན་ཞུང་ལུགས་ལ་སྦྱང་པ་བྱེད་སྐབས། བསྟན་བཅོས་མངོན་རྟོགས་རྒྱན་རྩ་བ་དང་འགྲེལ་བ་དོན་གསལ། གྲྭ་ཚང་སོ་སོའི་ཡིག་ཆ་གང་རུང་བློ་འཛིན་ཐོག་དཔེ་འཁྲིད་སྐབས་མངོན་རྟོགས་རྒྱན་རྩ་བ་དང། འགྲེལ་བ་དོན་གསལ། ལེགས་བཤད་གསེར་འཕྲེང་། རྣམ་བཤད་སྙིང་པོ་རྒྱན། རྟོགས་གེ་སྣང་བ། གྲྭ་ཚང་སོ་སོའི་ཡིག་ཆའི་སྤྱི་མཐའ་དཔྱོད་བཅས་སྦྱར་ནས་དཔེ་འཁྲིད་བྱེད་པ་མ་ཟད་ཕར་ཕྱིན་ཟུར་བཀོད། དགེ་བདུན་ཉི་ཤུ། ཀུན་གཞི་རྩ་བ། དྲང་ངེས་ལེགས་བཤད་སྙིང་པོ། དེ་དག་གི་གྲྭ་ཚང་སོ་སོའི་སྤྱི་མཐའ་དཔྱོད་བཅས་བློ་འཛིན་ཐོག དེ་དག་གི་རྩ་འགྲེལ་དང་སྦྱར་ནས་དོགས་དཔྱོད་ཀྱི་ལམ་ནས་སྦྱང་པ་བྱས་འབྲས་ཕར་ཕྱིན་སྐབས་བརྒྱད་དང་དེ་དག་གི་ཟུར་བཀོད་བཅས་ཀྱི་རྩ་འགྲེལ་ཁག་ལ་སྒྲོ་དོགས་ཆོད་ཐུབ་པའི་སྲོལ་བཟང་པོ་ཡོད།

དབུ་མའི་གཞུང་ལ་སྦྱང་པ་བྱེད་སྐབས། མགོན་པོ་ཀླུ་སྒྲུབ་ཀྱི་རིགས་ཚོགས་དྲུག་དང་། སློབ་དཔོན་ཟླ་བ་གྲགས་པའི་དབུ་མ་འཇུག་པ། རྗེ་རིན་པོ་ཆེས་མཛད་པའི་དབུ་མ་དགོངས་པ་རབ་གསལ། སྤྱི་མཐའ་དཔྱོད་བཅས་གང་རུང་བློ་འཛིན་ཐོག དཔལ་ལྡན་ཟླ་བའི་དབུ་མ་འཇུག་པ་རང་འགྲེལ། དབུ་མ་ཚིག་གསལ། སངས་རྒྱས་བསྐྱངས་ཀྱི་རྩ་ཤེས་འགྲེལ་བ་ཁག་དང་། རྩ་ཤེས་ཊིཀ་ཆེན། ལྷག་མཐོང་ཆེན་ཆུང་། མཁས་གྲུབ་རྗེའི་སྟོང་ཐུན་བཅས་སྦྱར་ནས་དཔེ་འཁྲིད་བྱེད་པའི་སྲོལ་བཟང་པོ་ཡོད་པ་དང། དེ་དག་ལ་གྲྭ་ཚང་སོ་སོའི་དབུ་མའི་སྤྱི་མཐའ་དཔྱོད་ཀྱི་དོགས་དཔྱོད་རྣམས་ཀྱིས་རྒྱན་ཏེ་དབུ་མའི་གཞུང་འགྲེལ་ཀུན་ལ་སྒྲོ་དོགས་བཅོད་པའི་ཐབས་ཤེས་བྱེད་པ་ཡིན།

འདུལ་བའི་གཞུང་ལ་སྦྱང་པ་བྱེད་སྐབས། སློབ་དཔོན་ཡོན་ཏན་འོད་ཀྱི་འདུལ་བ་མདོ་རྩ་བ་དང་འདུལ་བ་སྡོམ་གང་རུང་ཞིག་བློ་འཛིན་གཞིར་གཞག་ཐོག མཚོ་ཊིཀ་ཉི་མའི་འོད་ཟེར་དང་། རྒྱལ་བ་དགེ་འདུན་གྲུབ་ཀྱི་མཛད་པའི་འདུལ་བའི་ཊིཀ་ཆེན་རིན་ཆེན་ཕྲེང་བ་བཅས་སྦྱར་ཏེ་དཔེ་འཁྲིད་བྱེད་པའི་སྲོལ་བཟང་པོ་ཡོད་པ་དང། དེའི་སྟེང་གྲྭ་ཚང་སོ་སོའི་འདུལ་བའི་མཐའ་དཔྱོད་ཀྱི་སྟེང་ནས་དོགས་དཔྱོད་བྱེད་པ་སོགས་ཀྱི་སྒོ་ནས་འདུལ་བ་ལུང་སྡེ་བཞི་ལ་རྒྱུན་དུ་འདྲིས་ཆ་གནང་བ་སོགས་འདུལ་བའི་རྩ་འགྲེལ་ལ་སློབ་གཉེར་བྱེད་པ་ཡིན།

མཛོད་ཀྱི་གཞུང་ལ་སྦྱང་པ་བྱེད་སྐབས། སློབ་དཔོན་དབྱིགས་གཉེན་ཀྱིས་མཛད་པའི་མཛོད་རྩ་བ། མཛོད་སྡོམ་གང་རུང་དང་། མཆིམས་འཇམ་དཔལ་དབྱངས་ཀྱིས་མཛད་པའི་མཆིམས་མཛོད་ཀྱི་བར་སྡོམ་བཅས་བློ་འཛིན་གཞིར་གཞག་སྟེང། མཛོད་རྩ་འགྲེལ། མཆིམས་མཛོད། མཛོད་འགྲེལ་མཐར་ལམ་གསལ་བྱེད་བཅས་སྦྱར་ཏེ་དཔེ་འཁྲིད་བྱེད་པའི་སྲོལ་བཟང་ཡོད་པ་དང། དེའི་སྟེང་གྲྭ་ཚང་སོ་སོའི་མཛོད་ཀྱི་མཐའ་དཔྱོད་སྟེང་ནས་དོགས་དཔྱོད་བྱེད་པའི་སྒོ་ནས་མཛོད་གཞུང་མཐའ་དག་ལ་སློབ་གཉེར་བྱེད་པ་ཡིན།

 

སློབ་གཉེར་གནང་དགོས་པའི་བཀའ་པོད་ལྔའི་ཁོངས་གཏོགས་ཀྱི་གཞུང་ཆེན་སོ་སོའི་སློབ་མཚན་ཁག་གི་མཚན་གཞུང་།

ཚད་མའི་གཞུང།

གཞུང་མཚན།

མཛད་པ་པོ།

ཚད་མ་ཀུན་བཏུད་རྩ་འགྲེལ།

སློབ་དཔོན་ཕྱོགས་ཀྱི་གླང་པོ།

ཚད་མ་རྣམ་འགྲེལ་རྩ་འགྲེལ།

སློབ་དཔོན་ཆོས་ཀྱི་གྲགས་པ།

ཚད་མ་རྣམ་ངེས།

སློབ་དཔོན་ཆོས་ཀྱི་གྲགས་པ།

རྣམ་འགྲེལ་མཐར་ལམ་གསལ་བྱེད།

རྒྱལ་ཚབ་དར་མ་རིན་ཆེན།

ཊིཀ་ཆེན་རིགས་པའི་རྒྱ་མཚོ།

མཁས་གྲུབ་དགེ་ལེགས་དཔལ་བཟང།

སྡེ་བདུན་ཡིད་ཀྱི་མུན་སེལ།

མཁས་གྲུབ་དགེ་ལེགས་དཔལ་བཟང།

ཚད་མ་རིགས་རྒྱན།

རྒྱལ་བ་དགེ་འདུན་གྲུབ།

ཚད་མ་སྒྲུབ་ཊིཀ

རྒྱལ་བ་དགེ་འདུན་རྒྱ་མཚོ།

 

ཕར་ཕྱིན་གྱི་གཞུང་ཆེན་ཁག

གཞུང་མཚན།

མཛད་པ་པོ།

བྱམས་ཆོས་སྡེ་ལྔ།

རྗེ་བཙུན་བྱམས་པ་མགོན་པོ།

མངོན་པ་ཀུན་བཏུས། བྱང་ས། ཐེག་བསྡུས།

འཕགས་པ་ཐོག་མེད།

འགྲེལ་བ་དོན་གསལ། རྒྱན་སྣང་བ།

སློབ་དཔོན་སེང་གེ་བཟང་པོ།

ཉི་ཁྲི་སྣང་བ།

འཕགས་པ་གྲོལ་སྡེ།

ལེགས་བཤད་གསེར་འཕྲེང། ལེགས་སྙིང་པོ་སྟོད། ཀུན་གཞི་རྩ་འགྲེལ། བཞུགས་གནས་བརྒྱད་ཀྱི་ཐེམ་སྐས།

ཤར་རྒྱལ་བ་ཙོང་ཁ་བ་ཆེན་པོ།

རྣམ་བཤད་སྙིང་པོ་རྒྱན།

རྒྱལ་ཚབ་དར་མ་རིན་ཆེན།

རྟོག་གེ་སྣང་བ།

མཁས་གྲུབ་དགེ་ལེགས་དཔལ་བཟང་པོ།

གྲྭ་ཚང་སོ་སོའི་ཡིག་ཆ་ཁག

གྲྭ་ཚང་སོ་སོའི་མཁས་གྲུབ་ཆེན་པོ་རྣམས།

 

དབུ་མའི་གཞུང་མཚན་ཁག

གཞུང་མཚན།

མཛད་པ་པོ།

དབུ་མ་རིགས་ཚོགས་དྲུག

མགོན་པོ་ཀླུ་སྒྲུབ།

འགྲེལ་བ་བུ་དྷི་པ་ལི་ཏ།

སློབ་དཔོན་སངས་རྒྱས་བསྐྱངས།

དབུ་ལ་འཇུག་པའི་རྩ་བ། རང་འགྲེལ། དབུ་མ་ཚིག་གསལ།

སློབ་དཔོན་ཟླ་བ་གྲགས་པ།

དབུ་མ་བཞི་རྒྱ་བ།

སློབ་དཔོན་འཕགས་པ་ལྷ།

དབུ་མ་དགོངས་པ་རབ་གསལ། རྩ་ཤེས་ཊིཀ་ཆེན། དྲང་ངེས་ལེགས་བཤད་སྙིང་པོ་སྨད། ལྷག་མཐོང་ཆེ་ཆུང།

ཤར་རྒྱལ་བ་ཙོང་ཁ་པ་ཆེན་པོ།

དབུ་མ་རིན་ཆེན་འཕྲེང་བའི་རྣམ་བཤད། དཀའ་གནད་བརྒྱད་ཀྱི་བཤད་པ། རིགས་པ་དྲུག་ཅུ་བའི་ཊིཀ་ཀ

སྲས་ཀྱི་ཐུ་བོ་རྒྱལ་ཚབ་དར་མ་རིན་ཆེན།

སྟོན་ཐུན་སྐལ་བཟང་མིག་འབྱེད།

མཁས་གྲུབ་དགེ་ལེགས་དཔལ་བཟང།

གྲྭ་ཚང་སོ་སོའི་དབུ་མའི་སྤྱི་མཐའ་དཔྱོད་ཀྱི་ཡིག་ཆ་ཁག

གྲྭ་ཚང་སོ་སོའི་མཁས་གྲུབ་ཆེན་པོ་རྣམས།

 

འདུལ་བའི་གཞུང་མཚན།

གཞུང་མཚན།

མཛད་པ་པོ།

འདུལ་བ་ལུང་སྡེ་བཞི་དང་། སོ་སོར་མཐར་བའི་མདོ།

བདག་ཅག་གི་སྟོན་པ་ཤཀྱ་ཐུབ་པ།

འདུལ་བ་མདོ་རྩ་བ་དང་དེའི་རང་འགྲེལ།

སློབ་དཔོན་ཡོན་ཏན་འོད།

འདུལ་ཊིཀ་ཉི་མའི་འོད་ཟེར།

ཀུན་མཁྱེན་མཚོ་སྣ་བ།

འདུལ་ཊིཀ་རིན་ཆེན་འཕྲེང་བ། འདུལ་བའི་གླེང་འབུམ་ཆེན་མོ།

ཐམས་ཅད་མཁྱེན་པ་རྒྱལ་བ་དགེ་འདུན་གྲུབ་པ།

གྲྭ་ཚང་སོ་སོའི་འདུལ་བའི་གཞུང་དང་འདུལ་བའི་སྤྱི་མཐའ་དཔྱོད་ཁག

གྲྭ་སོ་སོའི་མཁས་གྲུབ་ཆེན་པོ་རྣམས།

 

མངོན་པ་མཛོད་ཀྱི་གཞུང་མཚན་ཁག

གཞུང་མཚན།

མཛད་པ་པོ།

མཛོད་རྩ་བ་དང་དེའི་རང་འགྲེལ།

སློབ་དཔོན་དབྱིགས་གཉེན།

འགྲེལ་བ་རྒྱལ་སྲས་མ།

སློབ་དཔོན་རྒྱལ་པོའི་སྲས།

མཛོད་འགྲེལ་མཐར་ལམ་གསལ་བྱེད།

རྒྱལ་བ་དགེ་འདུན་གྲུབ།

མཆིམས་མཛོད།

མཆིམས་འཇམ་དཔལ་དབྱངས།

གྲྭ་ཚང་སོ་སོའི་མཛོད་སྡོམ་དང་མཛོད་ཀྱི་སྤྱི་མཐའ་དཔྱོད་ཁག

གྲྭ་ཚང་སོ་སོའི་མཁས་གྲུབ་ཆེན་པོ་རྣམས།