མཉམ་མེད་རི་བོ་དགེ་ལྡན་པའི་ངོ་སྤྲོད་མདོར་བསྡུས།

༄༅། །ཇི་སྐད་དུ། མདོ་སྡེ་གདམས་ངག་རྒྱལ་པོ་ལས། མ་འོངས་སྙིགས་མའི་དུས་སུ་ནི། །འབྲི་དང་ལྡན་གྱི་ས་མཚམས་སུ། །དགེ་ཞེས་བྱ་བའི་དགོན་པ་འདེབས། །བློ་བཟང་ཞེས་བྱའི་མིང་ཅན་འབྱུང། །ཞེས་སོགས་དང། འཇམ་དཔལ་རྩ་རྒྱུད་ལས། འཇིག་རྟེན་ང་ནི་མྱ་ངན་འདས། །ས་ཡི་སྟེང་འདི་སྟོང་པ་ན། །ཁྱེད་ཉིད་བྱིས་པའི་གཟུགས་ཅན་གྱིས། །སངས་རྒྱས་མཛད་པ་བྱེད་པར་འགྱུར། །དེ་ཚེ་དགོན་ཆེན་རབ་དགའ་བ། །ཁ་བ་ཅན་ན་ཡོད་པ་ཡིན། །ཞེས་དང་། སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཛད་པའི་བཀའ་ཐང་བསྡུས་པ་ལས་ཀྱང། ཨ་ཏི་ཤ་ཡི་སྤྲུལ་པ་བློ་བཟང་གྲགསཿ སྐྱེས་བུ་དེ་བྱོན་བོད་ལ་བདེ་སྐྱིད་འཆརཿ དེ་དུས་དཀར་ཕྱོགས་རྣམས་ཀྱི་སྤོབས་པ་ཐོབཿ ཞེས་སོགས་མདོ་རྒྱུད་དུ་མའི་ལུང་གིས་ཟིན་པ། མདོ་སྔགས་ཟུང་འབྲེལ་གྱི་གསེར་སྦྱང་བཙོ་མ་ལྟ་བུའི་བསྟན་པ་མཉམ་མེད་རི་བོ་དགེ་ལྡན་པ་ཞེས་ཡོངས་སུ་གྲགས་པ་འདི་ཉིད་ལ་དགེ་ལུགས་པའམ་དགའ་ལྡན་པ་ཞེས་པ་ནི་གདན་སའི་མིང་གིས་བཏགས་པ་སྟེ། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་བཏབ་ནས་སྐུ་ཚེའི་སྨད་དུ་དེར་གཏན་འཇགས་བཞུགས་པ་ལ་བརྟེན་ནས། རྗེའི་ལུགས་ལ་ཆོས་རྗེ་དགའ་ལྡན་པའི་ལུགས་ཞེས་འབོད་པ་བྱུང། དེ་ཚིག་སྣ་བསྡུས་ནས་བརྗོད་པའི་ཚེ་དགའ་ལུགས་པ་ཞེས་ཟེར་བ་མ་བདེ་བས་དགེ་ལུགས་པ་ཞེས་མཚན་རྒྱུན་ཆགས་པ་ཡིན། དེ་བཞིན་ལུགས་འདི་ཉིད་ལ་ཞྭ་སེར་འཆང་བའི་ལུགས་ཞེས་ཀྱང་གྲགས་ཏེ། བླ་ཆེན་དགོངས་པ་རབ་གསལ་གྱིས་ཀླུ་མེས་ཚུལ་ཁྲིམས་ཤེས་རབ་བོད་དབུས་སུ་འབྱོན་ཁར་དབུ་ཞྭ་སེར་པོ་བཞེས་འཕྲོ་ཞིག་གནང་ནས་འདི་གྱོན་ལ་ང་རྗེས་སུ་དྲན་པར་གྱིས་གསུང་བར་བརྟེན་སྔོན་གྱི་འདུལ་བ་འཛིན་པ་ཆེན་པོ་རྣམས་ཀྱིས་དབུ་ཞྭ་སེར་པོ་བསྣམས་པ་ཡིན་པས། རྗེ་བླ་མས་ཀྱང་འདུལ་བའི་བསྟན་པ་ཉམས་པ་གཞི་ནས་གསོ་བའི་རྟེན་འབྲེལ་དུ་དབུ་ཞྭའི་ཁ་དོག་སྔོན་གྱི་འདུལ་འཛིན་རྣམས་དང་མཐུན་པར་སེར་པོ་མཛད་པར་བརྟེན་རྗེའི་ལུགས་ལ་ཞྭ་སེར་འཆང་བའི་ལུགས་ཞེས་ཀྱང་གྲགས་སོ།  གཞན་ཡང་ལུགས་འདི་ཉིད་ལ་ཇོ་བོ་བཀའ་གདམས་པའི་ལུགས་ཞེས་ཀྱང་གྲགས་ཏེ། བསྟན་པ་ཕྱི་དར་སྐབས་བོད་བརྒྱུད་ནང་བསྟན་ལ་བཀྲིན་བསམ་གྱིས་མི་ཁྱབ་པའི་བདག་ཉིད་ཆེན་པོ་དཔལ་ནཱ་ལེནྡྲའི་མཁས་པའི་གཙུག་རྒྱན་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་མན་ངག་བྱང་ཆུབ་ལམ་གྱི་སྒྲོན་མའི་ལམ་རིམ་གྱི་བརྒྱུད་པ་ལ། ༡ བཀའ་གདམས་གཞུང་པ་བ། ༢ བཀའ་གདམས་ལམ་རིམ་པ། ༣ བཀའ་གདམས་མན་ངག་པའི་བརྒྱུད་པ་གསུམ་རྗེ་ཙོང་ཁ་པ་ཆེན་པོ་ནས་ཆུ་བོ་གཅིག་འདྲེས་སུ་གྱུར་པ་མ་ཟད། རྗེ་ཙོང་ཁ་པ་ཆེན་པོའི་བསྟན་པ་འདི་ནི་ཇོ་བོའི་བསྟན་པ་ཐམས་ཅད་མ་ཚང་བ་མེད་པ་ཡོད་པ་ཡིན་པས་ཇོ་བོ་བཀའ་གདམས་པའི་བརྒྱུད་པ་ཞེས་ཀྱང་གྲགས་སོ། །

དེ་ལྟ་བུའིི་མདོ་སྔགས་ཟུང་འབྲེལ་གྱི་རིང་ལུགས་དྲི་མ་མེད་པ་འདི་ཉིད་སྲོལ་གཏོད་པ་པོའི་བསྟན་པའི་བདག་པོ་ནི། ངེས་པའི་དོན་དུ་རྒྱལ་བ་ཀུན་གྱི་ཐུགས་མཁྱེན་པའི་བདག་ཉིད་འཇམ་པའི་དབྱངས་སུ་ངེས་པ་དང། དྲང་དོན་དུ། སྔོན་རྒྱལ་སྲས་སྙིང་སྟོབས་ཆེན་པོར་གྱུར་པ་ན་རྒྱལ་བ་དབང་པོའི་ཏོག་གི་སྤྱན་སྔར་མ་དག་པའི་ཞིང་དུ་ལུས་སྲོག་ལ་མི་ལྟ་བར་རྒྱལ་བ་དགྱེས་པའི་ལམ་བཟང་རྒྱས་པར་བྱེད་པའི་དམ་བཅའ་མཛད་པ་དང།  སླར་ཡང་བདག་ཅག་གི་སྟོན་པ་འཇིག་རྟེན་དུ་བྱོན་པའི་དུས་སུ་བྲམ་ཟེ་ཁྱེའུ་གྱུར་པའི་ཚེ་སྟོན་པ་ལ་ཤེལ་དཀར་ཕྲེང་བ་ཕུལ་ཏེ་ཐུགས་བསྐྱེད་ཅིང་སྨོན་ལམ་བཏབ་པས་མཚོན། རིང་མོ་ཞིག་ནས་ལན་གཅིག་མ་ཡིན་པར་རྒྱལ་བ་དུ་མའི་སྤྱན་སྔར་རྒྱལ་བའི་དམ་ཆོས་འཛིན་པའི་སྨོན་ལམ་རླབས་པོ་ཆེ་ཡང་དང་ཡང་དུ་མཛད་པའི་མཐུ་ཡོངས་སུ་སྨིན་པའི་འདུལ་བ་ཀྭ་རི་ཀྭ་ནས་གསང་བ་འདུས་པའི་བར་གྱི་མདོ་དང་བསྟན་བཅོས་མཐའ་དག་གང་ཟག་གཅིག་འཚང་རྒྱ་བའི་ཆ་རྐྱེན་དུ་འཁྱེར་ཤེས་པའི་ཐུབ་བསྟན་ཡོངས་སུ་རྫོགས་པའི་སྲོལ་བཟང་པོ། གངས་རིའི་ཁྲོད་དུ་སྔར་བྱོན་པའི་མཁས་གྲུབ་སུས་ཀྱང་གསལ་བར་བྱེད་མ་ནུས་པ་དེ་ཉིད་གདུལ་བྱ་སྐལ་དང་བ་ལྡན་པ་རྣམས་ལ་ཉི་མ་ལྟར་གསལ་བར་མཛད་པའི་བདག་ཉིད་ཆེན་པོ། རང་ཅག་རྣམས་ཀྱི་འདྲེན་མཆོག་དམ་པ་མཚན་བརྗོད་པར་དཀའ་བའི་རྗེ་བཙུན་འཇམ་མགོན་བླ་མ་ཤར་རྒྱལ་བ་བློ་བཟང་གྲགས་པའི་དཔལ་ཞེས་མཚན་སྙན་ཡོངས་སུ་གྲགས་པ་འདི་ཉིད་ཀྱིས་སྲོལ་གཏོད་པར་མཛད་པ་ཡིན། དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་བསྟན་པ་འདི་ནི་ཁྱད་ཆོས་ཆེན་པོ་གསུམ་དང་ལྡན་པ་ཡིན་ཏེ། ཇི་སྐད་དུ། ལྕང་སྐྱ་རིན་པོ་ཆེའི་གསུང་ལས། མཐའ་དང་བྲལ་བའི་ལྟ་བ་དང། །དཔྱད་སྒོམ་ཆ་མཉམ་སྒོམ་པ་དང། །མདོ་སྔགས་བཤད་སྒྲུབ་འགལ་མེད་སྤྱོད། །དེ་ནི་བསྟན་པ་སྐྱོན་མེད་ཡིན། །ཞེས་གསུངས་པ་ལྟར། ལྟ་བ་རྣམ་པར་དག་པའི་ཁྱད་ཆོས། སྒོམ་པ་རྣམ་པར་དག་པའི་ཁྱད་ཆོས། སྤྱོད་པ་རྣམ་པར་དག་པའིི་ཁྱད་ཆོས་གསུམ་དང་ལྡན་པ་ཡིན།

དེ་ཡང་ལྟ་བ་རྣམ་པར་དག་པའི་ཁྱད་ཆོས་དང་ལྡན་ཏེ། ཇི་སྐད་དུ། གནས་ལུགས་ཟབ་མོའི་དོན་ལ་སྐྲག་གྱུར་ནས། །བློས་བྱས་ཉེ་ཚེའི་སྟོང་པ་མཆོག་འཛིན་པའི། །ལོག་པའི་ལྟ་ངན་མཐའ་དག་རབ་སྤངས་ནས། །ཆོས་ཀུན་གདོད་ནས་སྟོང་པར་རྟོགས་པར་ཤོག །ཅེས་རྗེ་བདག་ཉིད་ཆེན་པོ་ཉིད་ཀྱིས་སྔོན་སྨོན་མཛད་པ་བཞིན་དུ། བློས་བྱས་དང་ཉེ་ཚེའི་སྟོང་པ་ཙམ་མ་ཡིན་པར་གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་ཐམས་ཅད་ཀྱི་སྟེང་དུ་དགག་བྱ་རང་བཞིན་གྱིས་གྲུབ་པ་བཀག་པའི་སྟོང་པ་ཉིད་རྒྱལ་བའི་དགོངས་པ་མཐར་ཐུག་པ་ཟབ་མོ་དབུ་མའི་ལྟ་བ་ཕུན་སུམ་ཚོགས་པར་བཤད་པ་དང་སྒྲུབ་པའི་སྒོ་ནས་སྟོང་པ་དང་རྟེན་འབྱུང་གཅིག་གྲོགས་སུ་གཅིག་འཁྱེར་ཤེས་པའི་ཟབ་མོ་དབུ་མའི་ལྟ་བ་དང་ལྡན་པ་ཡིན་ལ།

སྒོམ་པ་རྣམ་པར་དག་པའི་ཁྱད་ཆོས་དང་ལྡན་ཏེ་། ཇི་སྐད་དུ་ཡང། ཁྱེད་ཀྱིས་སྦྱངས་པའི་གཞུང་ལས་གདམས་པའི་དོན། །ལོགས་སུ་མེད་པར་གཟིགས་ནས་ཐུབ་དབང་གིས། །མང་དུ་ཐོས་པ་ནགས་ན་བདེ་འོ་ཞེས། །གསུངས་པ་དེ་ཡི་དོན་ལའང་དཔྱོད་པར་རིགས། །ཞེས་རྗེ་ཉིད་ཀྱིས་ཐུགས་བརྩེ་བས་བསླབ་བྱ་འདོམས་པར་མཛད་པ་ལྟར། སྤྱིར་སྒོམ་ལ་འཇོག་སྒོམ་ཁོ་ན་འདོད་པ་བཀག་ནས། མཁས་པའི་དབང་པོ་ཀ་མ་ལ་ཤཱི་ལའི་སྒོམ་རིམ་སོགས་ལས་གསུངས་པ་བཞིན། དཔྱད་སྒོམ་དགོས་པ་ལ་དཔྱད་སྒོམ། འཇོག་སྒོམ་དགོས་པ་ལ་འཇོག་སྒོམ། དཔྱད་འཇོག་སྤེལ་མ་དགོས་པ་ལ་དེ་བཞིན་བྱེད་ཚུལ་དང། ཏིང་ངེ་འཛིན་སྐྱོན་མེད་སྒྲུབ་ཚུལ་གྱི་མན་ངག་རྣམས་བྱམས་ཆོས་དང། ས་སྡེ། དབུ་མའི་སྒོམ་རིམ་སོགས་ཀྱིས་རྒྱས་པར་བཀྲལ་བ་ལྟར། ཞི་གནས་དང་ལྷག་མཐོང་གི་ཁྱད་པར་དང་གོ་རིམ། ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་མཚན་ཉིད་ཚང་བར་གྱུར་པའི་ཚད། དེ་དག་གི་ཐོག་མཐའ་བར་གསུམ་དུ་མྱོང་བ་ཇི་ལྟར་སྐྱེ་བའི་ཚུལ་རྣམས་ཤིང་རྟ་ཆེན་པོའི་གཞུང་གི་དགོངས་པ་ཇི་ལྟ་བ་བཞིན་དུ་ཕྱིན་ཅི་མ་ལོག་པར་གཏན་ལ་ཕབ་པ་ཡིན་པས་སྒོམ་རྣམ་པར་དག་པའི་ཁྱད་ཆོས་དང་ལྡན་པ་ཡིན་ནོ།།

སྤྱོད་པ་རྣམ་པར་དག་པའི་ཁྱད་ཆོས་དང་ལྡན་ཏེ། ཇི་སྐད་དུ་ཡང། རྒྱལ་མཆོག་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོའི་གསུངས་ལས། རྨད་བྱུང་རྣམ་ཐར་གཙང་མའི་ཁྲིམས་དང་ལྡན། །རླབས་ཆེན་རྒྱལ་སྲས་སྤྱོད་པའི་སྙིང་སྟོབས་ཆེ། །བདེ་སྟོང་མཆོག་གི་རིམ་གཉིས་རྣལ་འབྱོར་སྤྱོད། །བློ་བཟང་རྒྱལ་བའི་བསྟན་དང་མཇལ་བར་ཤོག །ཅེས་གསུངས་པ་ལྟར། སངས་རྒྱས་ཀྱི་བསྟན་པའི་གཞི་མ་ནི་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པའོ། །ཞེས་པ་ལ་དགོངས་ནས་ཆང་དང་ཕྱི་དྲོའི་ཁ་ཟས་སྤོང་བ་ལ་སོགས་པ་འདུལ་བའི་བཅས་ཁྲིམས་ཕྲ་མོ་རྣམས་ཀྱང་ཕྱག་ལེན་དུ་འདེབས་པར་མཛད་པ་ཡིན་ལ། གསང་སྔགས་ལ་འཇུག་པའི་ཚེ་ཡང། རྒྱུད་ལས། ཕྱི་རུ་ཉན་ཐོས་སྤྱོད་བསྐྱངས་ཤིང། །ནང་དུ་འདུས་པ་ལ་རབ་དགའ། ཞེས་གསུངས་པ་ལྟར། འདུལ་བའི་ཀུན་སྤྱོད་ལ་གནས་བཞིན་པའི་ངང་ནས་རིམ་པ་གཉིས་ཀྱི་རྣལ་འབྱོར་ཉམས་སུ་ལེན་པ་སོགས་ཀུན་སྤྱོད་དག་པ་དང།  དེའི་སྟེང་དུ་བྱང་སེམས་དང་སྔགས་ཀྱི་འདུལ་བ་ནས་གསུངས་པའི་བཅས་མཚམས་རྣམས་ཀྱང་མིག་གི་འབྲས་བུ་ལྟར་བསྲུང་བའི་རྣམ་ཐར་གཙང་མ་དང་ལྡན་པ་ཡིན་ནོ། དེ་ལྟར་ན་ཡང་སྤྱིར་བོད་གངས་ཅན་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་ཀའི་ལྟ་གྲུབ་རྣམས་ཉམས་མྱོང་ཅན་གྱིས་རྣལ་འབྱོར་པས་དཔྱད་ན་དགོངས་པ་གཅིག་ཏུ་བབ་པ་ཡིན་ཏེ། ཇི་སྐད་དུ་ཡང་། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་གསུངས་ལས། ཞི་བྱེད་གཅོད་ཡུལ་རྫོགས་ཆེན་དང། །དབུ་མའི་ལྟ་འཁྲིད་ལ་སོགས་པ། །སོ་སོར་མིང་འདོག་མང་ན་ཡང། །ངེས་དོན་ལུང་རིགས་ལ་མཁས་ཤིང། །ཉམས་མྱོང་ཅན་གྱིས་རྣལ་འབྱོར་པས། །དཔྱད་ན་དགོངས་པ་གཅིག་ཏུ་འབབ། ཞེས་གསུངས་པ་ལྟར་དོན་གནས་སོ།

དེ་ལྟར་ལྟ་སྒོམ་སྤྱོད་གསུམ་རྣམ་པར་དག་པ་དང་ལྡན་པའི་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་འདི་ཉིད། གངས་རིའི་ལྗོངས་སུ་རྗེ་བདག་ཉིད་ཆེན་པོས་སྲོལ་གཏོད་པ་ནས་བཟུང། རྗེས་འཇུག་གདུལ་བྱ། ཕ་ལས་བུ་རྫིག བུ་ལས་ཚ་བོ་རྫིག ཚ་བོ་ལས་ཡང་ཚ་རྫིག ཡང་ཚ་ལས་གསུམ་ཚ་རྫིག་པའི་ཚུལ་གྱིས་རྒྱ་བོད་ཧོར་གསུམ་དུ་དར་ཁྱབ་ཆེན་པོ་བྱུང་བའི་ནང་ནས་གྲགས་ཆེ་བའི་གདན་ས་ཁག་ནི། མདོ་ཕྱོགས་ཀྱི་བསྟན་པའི་སློབ་གཉེར་གྱི་བསྟི་གནས་གནམ་ལ་ཉི་ཟླ་སྐར་གསུམ། ས་ལ་སེ་འབྲས་དགའ་གསུམ་ཞེས་མཚན་སྙན་ཡོངས་སུ་གྲགས་པའི་མཐོ་རིམ་སློབ་གཉེར་ཁང་དང་༸རྒྱལ་དབང་དགེ་འདུན་གྲུབ་ཀྱི་གདན་ས་ཆོས་སྡེ་བཀྲིས་ལྷུན་པོ་ལ་སོགས་པ་ད་ལྟ་བར་ཉམས་པ་མེད་པ་སྲ་བརྟན་ཡོད་པ་དང། སྔགས་ཕྱོགས་ཀྱི་བསྟན་པའི་སློབ་གཉེར་གྱི་བསྟི་གནས་གནམ་ལ་ཉི་ཟླ་གཉིས། ས་ལ་རྒྱུད་གྲྭ་སྟོད་སྨད་གཉིས་ཞེས་མཚན་སྙན་ཡོངས་སུ་གྲགས་པའི་སྔགས་ཕྱོགས་ཀྱི་མཐོ་རིམ་སློབ་གཉེར་ཁང་ད་ལྟ་བར་ཉམས་པ་མེད་པར་སྲ་བརྟན་དུ་ཡོད་པ་ཡིན། དེ་ལྟ་བུའི་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད་རྡོ་ལག་བརྒྱུད་དང་ཆུ་བུམ་བརྒྱུད་ཀྱི་ཚུལ་དུ་འཛིན་སྐྱོང་སྤེལ་གསུམ་མཛད་པའི་བསྟན་པའི་སྲོག་འཛིན་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དར་མ་རིན་ཆེན་དཔལ་བཟང་པོ་མཆོག་དང། དངོས་སྟོབས་རིག་པའི་དབང་ཕྱུག་མཁས་གྲུབ་དགེ་ལེགས་དཔལ་བཟང་པོ་མཆོག་ལ་སོགས་པ་དང་ད་ལྟ་དངོས་སུ་ཞལ་བཞུགས་པ་དགའ་ལྡན་ཁྲི་རིན་པོ་ཆེ་རྗེ་བཙུན་རི་རྫོང་རིན་པོ་ཆེ་ཁྲི་ཐོག་ ༡༠༢ བར་གྱི་དགའ་ལྡན་ཁྲི་པ་རིམ་པར་བྱོན་པ་རྣམས་དང། ༸རྒྱལ་དབང་དགེ་འདུན་གྲུབ་པ་ནས་བཟུང་༸རྒྱལ་མཆོག་སྐུ་འཕྲེང་རིམ་པར་བྱོན་པ་རྣམས་དང། ༸པཎ་ཆེན་སྐུ་འཕྲེང་རིམ་བྱོན་རྣམས་དང།  ཤར་བྱང་གི་ཆོས་རྗེ་རྣམ་གཉིས་ལ་སོགས་པའི་ཞྭ་སེར་རིང་ལུགས་འཆང་བའི་བླ་མ་མཁན་པོ་དང་དགེ་བའི་བཤེས་གཉེན་དུ་མའི་འཕྲིན་ལས་ཀྱི་འོད་སྣང་འཛམ་གླིང་ཧྲིལ་པོའི་ཁྱོན་ཀུན་ཏུ་ཉི་ཟླའི་འོད་ལྟར་གསལ་བ་བཞིན་འདི་ག་བལ་ཡུལ་ཁུལ་དུ་ཡང་ཁྱབ་ཁོངས་རི་བོ་དགེ་ལྡན་པའི་དགོན་པ་གྲྭ་ཚང་ཁག་གི་སྐྱབས་རྗེ་མཁན་བླ་དགེ་བའི་བཤེས་གཉེན་རྣམས་དང་འདུས་དམངས་ཡོངས་ཀྱིས་སྐུ་ངལ་འཛེམས་མེད་ཐབས་ཤེས་ལས་རི་བོ་དགེ་ལྡན་པའི་བསྟན་པ་འདི་ཉིད་དབྱར་གྱི་མཚོ་ཆེན་བཞིན་རྒྱས་དང་རྒྱས་བཞིན་པ་འདི་ལྟར་ལགས་སོ།