༄༅། །བལ་ཡུལ་དགེ་ལྡན་ལྷན་ཚོགས་ཀྱི་ངོ་སྤྲོད་མདོར་བསྡུས།

བལ་ཡུལ་དགེ་ལྡན་ལྷན་ཚོགས་འདི་ནི་བལ་ཡུལ་ཁུལ་དུ་ཡོད་པའི་དོལ་རྒྱལ་བསྟེན་གསོལ་དང་འབྲེལ་བ་གཏན་ནས་མེད་པའི་རི་བོ་དགེ་ལྡན་པའི་དགོན་པ་ཁག་གི་གཞུང་ཆེན་སློབ་གཉེར་སྔར་བས་ཡར་རྒྱས་དང་ཚགས་ཚུད་སྲ་བརྟན་ཡོང་ཆེད་ཕྱི་ལོ་༢༠༠༩ལོར་གསར་དུ་བཙུགས་པའི་གལ་གནད་ཆེ་བའི་ལྷན་ཚོགས་ཤིག་ཡིན། ལྷན་ཚོགས་འདིའི་བྱུང་རིམ་ཡང་ཚོགས་པ་གཞན་ལ་འགྲན་རྩོད་དང་སྲིད་དོན་སོགས་འཇིག་རྟེན་ཆོས་བརྒྱད་ཀྱིས་མ་བཅིངས་པར་ལོ་མང་རིང་ནས་རེ་བ་ཡོད་པ་བཞིན། སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་ཡང་སྒོས་འཇམ་མགོན་བླ་མ་ཙོང་ཁ་པ་ཡབ་སྲས་རྣམས་ནས་དཔྱད་པ་གསུམ་གྱིས་དག་ཐེར་ལེགས་པར་མཛད་པའི་དཔལ་ན་ལེན་ཌའི་ཆོས་བརྒྱུད་དྲི་མ་མེད་པ་འདི་ཉིད་འཇིག་རྟེན་ཁམས་འདིར་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་ཡོང་བ་དང་། ལྷག་པར་རང་ཅག་རྣམས་ཀྱི་འདྲེན་མཆོག་བླ་ན་མ་མཆིས་པ་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་༸སྤྱི་ནོར་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སྟོན་པའི་རྗེས་འཇུག་སྐྱ་སེར་ཚང་མས་ནང་ཆོས་ལ་རིགས་ལམ་སྒོ་ནས་སྦྱང་བ་བྱེད་དགོས་པ་བཀའ་སློབ་སྔ་རྗེས་ཕེབས་པའི་དགོངས་དོན་བཞིན། བལ་ཡུལ་ཁུལ་དུ་ཡོད་པའི་དོལ་རྒྱལ་བསྟེན་གསོལ་གཏན་ནས་མི་བྱེད་པའི་རི་བོ་དགེ་ལྡན་པའི་དགོན་ཁག་བཅུའི་མཁན་སློབ་དགེ་འདུན་འདུས་མང་ཡོངས་ནས་དགོན་པ་སོ་སོའི་ནང་གཞུང་ཆེན་སློབ་གཉེར་སྲ་བརྟན་ཡོང་སླད་གྲོས་བསྡུར་ཡང་ཡང་ཞུས་པའི་མཐའ་དོན་སྤྱི་མོས་བྱུང་བ་བཞིན་ནུས་པ་གོང་བུ་གཅིག་གྱུར་གྱི་ཤེས་ཡོན་ལྷན་ཚོགས་འདི་ཉིད་གསར་འཛུགས་ཞུས་པ་ཡིན།

ཚོགས་འདུའི་ནང་གྲོས་སྡུར་ཐག་གཅོད་བྱུང་བ་བཞིན། ཕྱི་ལོ་ ༢༠༠༩ ཟླ་བ་ ༦ ཚེས་ ༡༥ ཉིན་ལྷན་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་ངག་དབང་སྐལ་བཟང་མཆོག་དང་། སློབ་སྟོན་པ་འགྲོ་ཕན་གླིང་དགོན་པའི་དབུ་འཛིན་ཀུན་རྩེ་རིན་པོ་ཆེ་གཉིས་བཞུགས་སྒར་དུ་༸ལྷར་བཅས་སྲིད་ཞིའི་གཙུག་རྒྱན་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གཟིམ་ཆུང་མཇལ་ཁར་བཅར་ཏེ་བལ་ཡུལ་དགེ་ལྡན་ལྷན་ཚོགས་འདི་བཞིན་གསར་འཛུགས་ཆོག་པའི་བཀའ་འཁྲོལ་ཆོག་མཆན་དང་མ་འོངས་བཀའ་སློབ་ལམ་སྟོན་གསོལ་འདེབས་ཞུས་པ་བཞིན། མགོན་པོ་མཆོག་ནས་ཐུགས་དགྱེས་གཟིགས་ཆེན་པོའི་ངང་ལམ་སྟོན་བཀའ་སློབ་སྩོལ་གནང་མཛད་པ་མ་ཟད་ཆོག་མཆན་བཀའ་ཡིག་རིན་པོ་ཆེ་དང་བྱིན་རླབས་ཀྱི་ཚན་ཁ་ཆེད་མཐུན་འགྱུར་རྒྱ་ཆེ་གསོལ་སྩལ་ཐོབ་པས་རྟེན་འབྲེལ་ལེགས་པར་འགྲིག་པ་དང། དེ་བཞིན་ཕྱི་ལོ་ ༢༠༠༩ དགུན་ཁ་རྡོར་གདན་དུ་༸སྤྱི་ནོར་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སྤྱོད་འཇུག་ཆེན་མོའི་གསུང་ཆོས་དང་དགེ་ལྡན་སྨོན་ལམ་ཆེན་མོའི་སྐབས་རི་བོ་དགེ་ལྡན་པའི་བསྟན་པའི་སྲོག་ཤིང་༸སྐྱབས་རྗེ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་༸སྐྱབས་རྗེ་ཤར་བྱང་གི་ཆོས་རྗེ་དཔལ་བཟང་པོ་རྣམ་གཉིས། གདན་ས་ཆེན་པོ་སེ་འབྲས་དགའ་གསུམ་གྱི་མཁན་རིན་པོ་ཆེ་རྣམ་པ་དྲུག དེ་བཞིན་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ཚོགས་གཙོ་དང་དྲུང་ཆེ་སོགས་གནད་ཡོད་མི་སྣ་ཁག་རྡོར་གདན་ཀིརྟི་མགྲོན་ཁང་གི་ཚོགས་ཁང་དུ་གདན་འདྲེན་ཞུས་ཏེ་ལྷན་ཚོགས་ཀྱི་ལས་རིམ་ངོ་སྤྲོད་ཚོགས་འདུའི་སྐབས་ལྷན་ཚོགས་ཀྱི་མ་འོངས་ལས་རིམ་ངོ་སྤྲོད་དང་། ལྷན་ཚོགས་འདི་ཉིད་གསར་འཛུགས་ཆོག་མཆན་བཀའ་འཁྲོལ་ཞུས་པ་བཞིན་ཚོགས་འདུར་ཕེབས་ཞུགས་གནང་བའི་གོང་གསལ་རི་བོ་དགེ་ལྡན་པའི་དབུ་འཛིན་ལས་སྣེ་ཡོངས་ནས་རྒྱབ་སྐྱོར་བཀའ་སློབ་དང་ཆོག་མཆན་ལེགས་ཐོབ་བྱུང་བ་དང། དེ་བཞིན་ས་གནས་བལ་ཡུལ་གཞུང་ལ་ཆོག་མཆན་དང་དེབ་སྐྱེལ་ལེགས་པར་ཞུས་ཏེ། གཞུང་གི་རྫོང་ལས་ཁུངས་ནས་ཀྱང་ཆོག་མཆན་བཀའ་ཡིག་དང་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་ཐོབ་ཐང་ཡང་ལེགས་པར་ཐོབ།

དེང་གི་ཆར་ལྷན་ཚོགས་འདིའི་ནང་ཁྱབ་ཁོངས་དགོན་ཁག་བཅུའི་ནང་གྲྭ་བཙུན་བསྡོམས་ཆིག་སྟོང་ལྔ་བརྒྱ་ལྷག་ཟིན་གྱི་ཡོད། དེ་དག་ཕེབས་ཡུལ་ནི། ཧི་མ་ལ་ཡའི་ཡུལ་ལུང། ཤར་ཁུམ་སྟོད་སྨད་གཉིས། ཡོལ་མོ། སྙེ་ཤང། རྟ་མང། གུ་རུང། མུ་གུམ། ནུབ་རི། རྩུམ། དོལ་པོ། གློ་བ། བལ་པོ་ལ་སོགས་པའི་བལ་ཡུལ་ནང་ཡུལ་ལུང་སྣ་ཚོགས་དང། དེ་བཞིན་བོད་ཀྱི་མདོ་དབུས་ཁམས་གསུམ། རྒྱ་གར་གྱི་ལ་དྭགས་དང་མོན། འབྲུག་བཅས་ཡིན་པ་དང། མདོར་ན་དགེ་ལྡན་ལྷན་ཚོགས་འདི་ཉིད་དོལ་རྒྱལ་དང་འབྲེལ་བ་མེད་པའི་བལ་ཡུལ་རྒྱལ་ཡོངས་ཀྱི་དགེ་ལུགས་པའི་ཚོགས་པ་ཆེ་ཤོས་དེ་ཡིན། ལྷན་ཚོགས་འདི་ཉིད་ཀྱི་ལས་འགན་གཙོ་བོ་ཁྱབ་ཁོངས་དགོན་པ་ཁག་གི་ཤེས་ཡོན་དང་འབྲེལ་བའི་ལས་དོན་ཁག་ཡིན་པ་དང་ཞར་ལ་ཚོགས་པ་གཞན་དང་གཅིག་མཚུངས་ཀྱིས་ལས་དོན་ཁག་ཀྱང་སྒྲུབ་བཞིན་ཡོད། ཚོགས་པ་འདི་ཉིད་བཙུགས་པ་ནས་ད་བར་རྒྱུན་ལས་ཁག་གཉིས་བརྗེ་ལེན་ཟིན་པ་དང་། རྒྱུན་ལས་སྐབས་དང་པོའི་ཚོགས་གཙོ་ཤེལ་ཆོས་དགེ་བཤེས་ངག་དབང་སྐལ་བཟང་། ཚོགས་གཞོན་ཀོ་པཎ་དགེ་བཤེས་ཐུབ་བསྟན་ཤེས་རབ། དྲུང་ཆེ་བསམ་གླིང་དགེ་བཤེས་བློ་བཟང་སྦྱིན་པ་བཅས་ཡིན་པ་དང། རྒྱུན་ལས་སྐབས་གཉིས་པའི་སྐབས། ཚོགས་གཙོ་ཤེལ་ཆོས་དགེ་བཤེས་ངག་དབང་སྐལ་བཟང། ཚོགས་གཞོན་ཀོ་པཎ་དགེ་བཤེས་རྒྱལ་བསྟན་ཀུན་ཁྱབ། དྲུང་ཆེ་བསམ་གླིང་ཨཅརྱ་བསྟན་འཛིན། རྩིས་པ་ཆུ་བཟང་དགེ་སློང་ཐུབ་བསྟན་རིན་ཆེན། དངུལ་གཉེར་སྐྱིད་གྲོང་བཙུན་དགོན་བཙུན་མ་ངག་དབང་བསྟན་སྒྲོལ་བཅས་ཡིན།

རྩ་བའི་ཁུལ་འདིར་ཡོད་པའི་རི་བོ་དགེ་ལྡན་པའི་དགོན་པ་ཁག་གི་ནང་མདོ་སྔགས་གཉིས་ཀའི་སློབ་གཉེར་ཚགས་ཚུད་གང་ལེགས་ཡོད་པ་དང་དགོན་པ་དེ་དག་གི་ནང་མདོ་ཕྱོགས་ཀྱི་སློབ་ཚན་གཞུང་ཆེན་བཀའ་པོད་ལྔ་དང་། སྔགས་ཕྱོགས་ལ་རྒྱུད་སྡེ་བཞིའི་གཞི་ལམ་འབྲས་གསུམ་གྱི་དཔེ་འཁྲིད། ཐིག་རྡུལ་ཚོན་དང་། མཆོད་བཞེངས་དཀར་བཟོ། གསང་བདེ་འཇིགས་གསུམ་གྱི་སྒྲུབ་མཆོད་དང་དགོན་པ་འགའ་ཤས་ཀྱི་ནང་ཀུན་རིག་གི་སྒྲུབ་མཆོད། རྒྱལ་བ་མི་འཁྲུགས་པའི་སྒྲུབ་མཆོད། རྣལ་འབྱོར་མའི་སྒྲུབ་མཆོད་བཅས་དང་། དེའི་སྟེང་དེང་དུས་སློབ་ཚན་དབྱིན་སྐད་བལ་སྐད་གཉིས་ཀྱི་སློབ་ཚན་དང་། སུམ་རྟགས་སྙན་གསུམ་གྱི་བོད་ཀྱི་བརྡ་སྤྲོད་ཀྱི་སློབ་ཚན། ཚན་རིག་དང་སྤྱི་ཚོགས་རིགས་གནས་བཅས་ལ་སྦྱང་བ་བྱེད་ཀྱི་ཡོད་པ་བཅས་བྱུང་རིམ་མདོར་བསྡུས་སུ། །

ཀ ༽ ཚོགས་པའི་མིང་། བལ་ཡུལ་དགེ་ལྡན་ལྷན་ཚོགས།

ཁ ༽ ལྷན་ཚོགས་ཀྱི་སློབ་སྟོན་པ། ལྷན་ཚོགས་འདིའི་ཁོངས་སུ་གཏོགས་པའི་དགོན་སྡེ་གྲྭ་ཚང་ཁག་གི་མཁན་བླ་རྣམ་པ་དང་། བལ་ཡུལ་དགེ་ལྡན་སྨོན་ལམ་ཆེན་མོའི་ཚོགས་གཙོ་བཅས་ཡིན།

ག ༽ཚོགས་མིའི་ཡོང་ཁུངས། སྟོན་པ་བཅོམ་ལྡན་འདས་ཀྱི་དམ་ཆོས་འདུལ་བའི་བཅའ་ཁྲིམས་བཞིན་ལྟ་སྤྱོད་ཆོས་མིན་ཕྱོགས་སུ་མ་སོང་བ་དང་། དོལ་རྒྱལ་བསྟེན་གསོལ་སྤང་བླངས་ཚུལ་བཞིན་ཞུས་པའི་བལ་ཡུལ་ཁུལ་གྱི་དགེ་ལུགས་དགོན་སྡེ་ཁག་ཡིན།

ང་ ༽ ལྷན་ཚོགས་ཀྱི་འཐུས་མི། ལྷན་ཚོགས་འདིའི་ནང་ཡོད་པའི་དགོན་སྡེ་ཁག་གི་ཤེས་ཡོན་འགན་འཛིན་རྣམས་ཡིན།

ཅ་ ༽ལྷན་ཚོགས་འདིའི་གཙོ་གནད་ཆེ་བའི་རྒྱུན་ལས་ལྔ་ནི། ཚོགས་གཙོ། ཚོགས་གཞོན། དྲུང་ཆེ། དངུལ་གཉེར། རྩིས་པ་བཅས་ལྔ་ཡིན།

ཆ་ ༽ འགན་འཛིན་ལྷན་ཚོགས། སློབ་སྟོན་པ་རྣམས་དང་རང་ཁོངས་དགོན་སྡེ་ཁག་གི་ཤེས་ཡོན་འགན་འཛིན་རྣམས་ལྷན་ཚོགས་ཀྱི་རྒྱུན་ལས་བཅས་ལྷན་དུ་འཛོམས་དགོས།

ཇ་ ༽ ལྷན་ཚོགས་ཀྱི་འགན་དབང་། རང་ཁོངས་དགོན་སྡེ་ཁག་གི་ཤེས་ཡོན་དང་འབྲེལ་བའི་ལས་དོན་རྣམས་འགན་བཞེས་གནང་རྒྱུ།

ཉ་ ༽ ཚོགས་འདུ་བསྡུ་སྐོང་གནང་ཕྱོགས། ཚོགས་ཆེན་བསྡུ་སྐོང་གནང་ཕྱོགས་ལྷན་ཚོགས་འདིའི་རྒྱུན་ལས་དང་། དགོན་སྡེ་ཁག་གི་ཤེས་ཡོན་འགན་འཛིན་རྣམས། སློབ་སྟོན་པ་རྣམ་པ་བཅས་གདན་ཞུ་གནང་རྒྱུ་དང་། ལོ་རེར་ཚོགས་ཆེན་ཐེངས་གཅིག་བསྐྱང་རྒྱུ། ཚོགས་ཆེན་ཐོག་ལོ་འཁོར་ལས་བསྡོམས་དང་རྩིས་ཁྲ་སོགས་སྙན་སྒྲོན་ཐོག་མ་འོངས་པའི་ལས་འཆར་ཁག་ལ་ལམ་སྟོན་བཀའ་སློབ་ཞུ་རྒྱུ། དགོས་གལ་བྱུང་ན་ཚོགས་ཆེན་འཕར་མ་བསྡུ་སྐོང་ཞུ་ཆོག་རྒྱུ། རྒྱུན་གཏན་ཚོགས་འདུའི་རིགས་རྒྱུན་ལས་ལྔ་ནས་གནང་རྒྱུ་དང་དགོས་གལ་ནམ་བྱུང་ལ་ཤེས་ཡོན་འགན་འཛིན་རྣམ་པ་བསྡུ་སྐོང་གནང་རྒྱུ།

ཏ་ ༽ ལས་བྱེད་བསྐོ་ཕྱོགས་དང་དུས་ཡུན། དགོན་སྡེ་ཁག་གི་ཤེས་ཡོན་འགན་འཛིན་རྣམས་རང་བཞིན་གྱིས་ལྷན་ཚོགས་འདིའི་ཚོགས་མི་ཆགས་རྒྱུ་དང་། རྒྱུན་ལས་ཆེད་དགོན་སྡེ་ཁག་རེ་རེ་ནས་སྔོན་འགྲོའི་འོས་དམིགས་རེ་འདེམས་གཏོང་གནང་རྒྱུ་དང་། འོས་དམིགས་དེའི་ཁོངས་ནས་ཚོགས་གཙོ། ཚོགས་གཞོན། དྲུང་ཆེ། དངུལ་གཉེར། རྩིས་པ་བཅས་རྒྱུན་ལས་ལྔ་ཤེས་ཡོན་འགན་འཛིན་རྣམས་ནས་སྤྱི་མོས་སམ་འོས་བསྡུའི་ལམ་ནས་བསྐོ་བཞག་གནང་རྒྱུ་དང་། རྒྱུན་ལས་རྣམ་པའི་ལས་རྒྱུན་ལོ་གསུམ་རིང་ཐུགས་འགན་བཞེས་དགོས།

ཐ་ ༽ ལྷན་ཚོགས་འདིའི་ལས་འགན།

༡། ལྷན་ཚོགས་འདིའི་ཁྱབ་ཁོངས་དགོན་སྡེ་སོ་སོར་རྩོད་གྲྭ་སྔར་ཡོད་ཁར་སློབ་གཉེར་ཡར་རྒྱས་གོང་མཐོར་འཕེལ་བའི་ཐབས་ལམ་འབད་སྒྲུབ་ཞུ་རྒྱུ།

༢། ལོ་རེར་གྲྭ་ཚང་ཁག་གི་སློབ་གཉེར་བ་རྣམས་མཉམ་ཚོགས་ཀྱིས་འཇང་དགུན་ཆོས་ཀྱི་ཆོས་ཐོག་ཆེན་མོ་གོ་སྒྲིག་ཞུ་རྒྱུ།

༣། གཞུང་ཆེན་བཀའ་པོད་ལྔ་ལ་རྒྱུགས་སྤྲོད་མཐར་སོན་པའི་སློབ་མ་རྣམས་ལ་ཕར་ཕྱིན་རབ་འབྱམས་པ་སོགས་ཀྱི་ཕྱག་འཁྱེར་ཚད་ལྡན་འབུལ་རྒྱུ།

༤། དགོན་སྡེ་ཁག་གི་སློབ་མ་རྩེ་ཕུད་རྣམས་ལ་སློབ་མ་རྩེ་ཕུད་ཀྱི་བྱ་དགའ་འབུལ་རྒྱུ་དང་གཞུང་ཆེན་བློ་རྒྱུགས་ལེགས་ཐོན་རྣམས་ལ་བྱ་དགའ་འབུལ་རྒྱུ།

༥། མི་མང་རྣམས་ལ་ནང་ཆོས་ངོ་སྤྲོད་གོ་སྒྲིག་ཞུ་རྒྱུ།

༦། དགོན་སྡེ་ཁག་གི་སློབ་གཉེར་ལ་དགོས་མཁོའི་ཆེད་གཞུང་ཆེན་དཔེ་དེབ་ཁག་དཔར་བསྐྲུན་ཞུ་རྒྱུ།

༧། དཔེ་ཁྲིད་དགེ་རྒན་རྣམས་ཀྱི་གསོལ་ཕོགས་ཀྱི་མཐུན་རྐྱེན་འབད་སྒྲུབ་ཞུ་རྒྱུ་བཅས་སོ། །

ད་ ༽ བལ་ཡུལ་དགེ་ལྡན་ལྷན་ཚོགས་ཀྱི་ཁྱབ་ཁོངས་དགོན་སྡེ་ཁག་གི་མཚན་གཞུང་།

༡། སྐྱིད་གྲོང་བཀྲིས་བསམ་གཏན་གླིང་།

༢། ཀོ་པཎ་འོག་མིན་བྱང་ཆུབ་ཆོས་གླིང་།

༣། ཤེལ་དཀར་ཆོས་སྡེ་དགའ་ལྡན་ལེགས་བཤད་གླིང་།

༤། ཤྲཱི་ཆུ་བཟང་བསམ་གཏན་ཡང་རྩེ།

༥། ཆུ་དབར་དགའ་ལྡན་འགྲོ་ཕན་གླིང་།

༦། གྲུབ་དགོན་ཐུགས་རྗེ་ཆོས་གླིང་།

༧། དགའ་ལྡན་བྱམས་དགོན་གླིང་།

༨། ཕུན་ཚོགས་ཆོས་གླིང་།

༩། སྐྱིད་གྲོང་བཙུན་དགོན་ཐུགས་རྗེ་ཆོས་གླིང་།

༡༠། ཀོ་པཎ་བཙུན་དགོན་མཁའ་སྤྱོད་དགའ་འཁྱིལ་གླིང་།

 

༄༅། །བལ་ཡུལ་དགེ་ལྡན་ལྷན་ཚོགས་འདི་ཉིད་དབུ་བརྙེས་ནས་ད་ལྟའི་བར་གྱི་བསྒྲུབས་ཟིན་པའི་ལས་དོན་གལ་ཆེ་ཁག་ནི། སྐབས་དང་པོའི་རྒྱུན་ལས་གསུམ་གྱི་རིང་ལས་དོན་དང་པོ་ཕྱི་ལོ་༢༠༠༩ ཕྱི་ཟླ་༩ ཚེས་ ༢༥ ཉིན་ལྷན་ཚོགས་འདི་ཉིད་ཀྱི་ཚོགས་གཙོ་དང་སློབ་སྟོན་པ་ཀུན་བརྩེ་རིན་པོ་ཆེ་རྣམ་གཉིས་རྡ་སར་ཆེད་མངགས་ཀྱིས་རང་ཅག་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དྲུང་དུ་ལྷན་ཚོགས་འདི་ཉིད་ཀྱི་ལས་རིམ་དང་མ་འོངས་དམིགས་ཡུལ་སོགས་སྙན་གསོལ་དང་ལྷན་ཚོགས་འདི་ཉིད་གསར་འཛུགས་ཆོག་པའི་བཀའ་ཁྲོལ་ཆོག་མཆན་སྐྱབས་འཇུག་གསོལ་འདེབས་ཞུས་པ་བཞིན། མགོན་པོ་གང་ཉིད་ནས་ཐུགས་དགྱེས་ཚོར་ཆེན་པོའི་ངང་ལྷན་ཚོགས་འདི་ཉིད་གསར་འཛུགས་ཆོག་པའི་བཀའ་ཁྲོལ་ཆོག་མཆན་གྱི་བཀའ་ཡིག་དང་མ་འོངས་ལམ་སྟོན་གྱི་བཀའ་སློབ་བཀྲིན་གཞལ་དུ་མེད་པ་གསོལ་སྩལ་བྱུང་བ་མ་ཟད་རྟེན་འབྲེལ་དང་བྱིན་རླབས་མཚོན་བྱེད་ཀྱི་གསོལ་རས་ཀྱང་རྒྱ་མི་ཆུང་བ་བཀའ་དྲིན་གྱི་སྐལ་བ་བཟང་པོ་ལེགས་པར་ཐོབ་པ་ནི་རང་ཅག་རྣམས་ཀྱིས་དགའ་གུས་ཡི་རངས་ཆེ་བའི་སྔོན་འགྲོའི་ལས་དོན་དང་པོ་ཡིན།

ཕྱི་ལོ་ ༢༠༠༩་ ཕྱི་ཟླ་ ༩ ཚེས་ ༢༨ ཉིན་ལྷན་ཚོགས་འདིའི་འགྲོ་གྲོན་གཏོང་རྒྱུའི་མཐུན་རྐྱེན་མ་རྩ་བསྡུ་རུབ་ཞུ་ཆེད་འདི་ག་བལ་ཡུལ་ཁུལ་དུ་གནས་བཞུགས་འབྲེལ་ཡོད་དད་སྦྱིན་ལྷག་བསམ་ཅན་གྱི་འབྱོར་ལྡན་རྣམས་གདན་ཞུས་ཀྱིས་ལྷན་ཚོགས་ཀྱི་ལས་རིམ་སྙན་སྒྲོན་དང་འབྲེལ་ཞལ་འདེབས་འབོད་སྐུལ་ཞུས་པ་བཞིན་དད་སྦྱིན་རྣམས་ནས་ཀྱང་རང་རང་འཁོས་བབས་ལ་གཞིག་སྟེ་ཞལ་འདེབས་རྒྱ་མི་ཆུང་བ་གནང་བ་མ་ཟད་ལྷན་ཚོགས་ཀྱི་ལས་རིམ་ཁག་ལ་བསྔགས་བརྗོད་ཀྱང་ལེགས་པར་ཐོབ་པ་ནི་ལས་དོན་གསུམ་པ་ཡིན།

ཕྱི་ལོ་ ༢༠༠༩ ཕྱི་ཟླ་ ༩ ཚེས་ ༩ ཉིན་ལྷན་ཚོགས་ཀྱི་ལས་དོན་དང་དམིགས་ཡུལ་རྣམས་ཡར་རྒྱས་སྲ་བརྟན་ཡོང་ཆེད་རང་ཁོངས་དགོན་སྡེ་ཁག་གི་མཁན་བླ་དགེ་བའི་བཤེས་གཉེན་རྣམས་དང་། ཕྱག་མཛོད་རྣམ་པ། ཤེས་ཡོན་་འགན་འཛིན་བཅས་མི་གྲངས་སུམ་ཅུ་ལྷག་གདན་ཞུས་ཀྱིས་ལྷན་ཚོགས་འདིའི་སྒྲིག་གཞི་ངེས་ཅན་ཞིག་གཏན་འབེབས་ཆེད་བཀའ་བསྡུར་དགོངས་འཆར་མཐིལ་ཕྱིན་པ་གནང་སྟེ་མཐའ་དོན་ཚོགས་ཞུགས་པ་ཡོངས་ནས་དགོངས་པ་གཅིག་མཐུན་གྱིས་ལྷན་ཚོགས་འདིའི་སྒྲིག་གཞི་གཏན་འབེབས་ལེགས་པར་གནང་ཐུབ་པ་བྱུང།

ཕྱི་ལོ་ ༢༠༠༩ ཟླ་ ༡༠ ཚེས ༢༧ ཉིན་ནས་རང་ཁོངས་དགོན་སྡེ་ཁག་གི་སློབ་གཉེར་བ་ཉིས་བརྒྱ་ལྷག་བསྡུ་རུབ་ཀྱིས་ཉིན་གྲངས་བདུན་གྱི་རིང་ཀོ་པཎ་འོག་མིན་བྱང་ཆུབ་ཆོས་གླིང་དགོན་དུ་རྟེན་འབྲེལ་གྱི་རྩོད་པ་འཇང་དགུན་ཆོས་སྔོན་འགྲོའི་ཚོད་ལྟའི་ཆེད་ཚོགས་པ་འདིས་འབྲེལ་ཡོད་སློབ་གཉེར་བ་དང་དཔེ་ཁྲིད་རྒན་བཅས་ལ་འབྱུང་འགྱུར་ལོ་ལྟར་འཇང་དགུན་ཆོས་ཚོགས་གཏན་འཁེལ་བའི་གདེང་སྤོབས་བསྐྲུན་ཐུབ་པ་བྱུང་བ་ནི་ལས་དོན་བཞི་པ་ཡིན།

ཕྱི་ལོ་ ༢༠༡༠ ཕྱི་ཟླ་ ༡ ཚེས་ ༤ ཉིན་སྐབས་གཉིས་པའི་རྒྱུན་ལས་རྣམས་ནས་གནས་མཆོག་རྡོ་རྗེ་གདན་གྱི་ཀིརྟི་གསོོལ་མགྲོན་ཁང་དུ་འཇམ་མགོན་རྒྱལ་བའི་༸རྒྱལ་ཚབ་སྐྱབས་རྗེ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་༸སྐྱབས་རྗེ་ཤར་བྱང་གི་ཆོས་རྗེ་རྣམ་པ་གཉིས། གདན་ས་གསུམ་གྱི་སྐྱབས་རྗེ་མཁན་རིན་པོ་ཆེ་རྣམ་པ། རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ཚོགས་གཙོ་དང་དྲུང་ཆེ་བཅས་རི་བོ་དགེ་ལྡན་པའི་དབུ་འཛིན་རྣམས་གདན་ཞུས་ཀྱིས་ལྷན་ཚོགས་ཀྱི་ལས་དོན་དང་། དམིགས་ཡུལ། རེ་བ་བཅས་སྙན་གསོལ་ལེགས་པར་ཞུ་ཐུབ་པ་བྱུང་བ་ཡིན། མཐའ་དོན་ཚོགས་འདུའི་དབུ་བཞུགས་གཙོ་བོ་འཇམ་མགོན་རྒྱལ་བའི་༸རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་༸སྐྱབས་རྗེ་ཤར་བྱང་གི་ཆོས་རྗེ་རྣམ་པ་གཉིས་ནས་ཀྱང་བཀའ་སློབ་བཀའ་དྲིན་ལེགས་པར་བསྐྱངས་ཏེ་ཐེངས་འདིའི་ཚོགས་འདུ་ལེགས་གྲུབ་བྱུང།

ཕྱི་ལོ་ ༢༠༡༠ ཟླ་ ༢ ཚེས་ ༢༤ ཉིན་རང་ཁོངས་དགོན་སྡེ་ཁག་གི་སློབ་གཉེར་བ་རྣམས་ཤེས་ཡོན་ལ་དོན་གཉེར་སྔར་ལས་ལྷག་འཕེལ་བའི་ཐབས་ལམ་གྱི་སྐུལ་མའི་ཆེད་ཀོ་པཎ་འོག་མིན་བྱང་ཆུབ་ཆོས་གླིང་དགོན་དུ་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དུས་ཆེན་ཁྱད་པར་ཅན་དང་སྟབས་བསྟུན་དགེ་འདུན་འདུས་པ་རྒྱ་མཚོའི་དབུས་སུ་༸སྐྱབས་རྗེ་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་ལོ་གཅིག་གི་སློབ་གཉེར་བ་རྩེ་ཕུད་རྣམས་ལ་སློབ་མ་རྩེ་ཕུད་ཀྱི་ཕྱག་འཁྱེར་ཕུལ་ཏེ་སློབ་གཉེར་བ་རྣམས་ཤེས་ཡོན་ལ་རྟིང་སྐུལ་དང་དོན་གཉེར་འབྱུང་བའི་སེམས་ཤུགས་དང་སྙིང་སྟོབས་བླ་ལྷག་ཏུ་བསྐྲུན་ཐུབ་པ་བྱུང།

ཕྱི་ལོ་ ༢༠༡༠ བོད་ཟླ་ ༤ ཚེས་ ༡༢ ཕྱི་ ༥ ཚེས་ ༢༥ རེས་གཟའ་མིག་དམར་ཉིན་ཉེ་སྔོན་བོད་མདོ་ཁམས་སྐྱེ་རྒུ་མདོར་རང་བྱུང་ས་ཡོམ་གྱི་རྐྱེན་པས་བོད་མི་བརྒྱ་ཕྲག་མང་པོ་འདས་གྲོངས་སུ་གྱུར་པ་ལ་དམིགས་ཏེ་མཆོད་རྟེན་བྱ་རུང་ཁ་ཤོར་དུ་མཆོད་འབུལ་སྨོན་ལམ་ཟབ་རྒྱས་ཤིག་གོ་སྒྲིག་ཞུས། དེ་ཡང་ས་ག་ཟླ་བའི་དུས་ཆེན་ཁྱད་པར་ཅན་དང་སྟབས་བསྟུན་གྱིས་ཚེ་འདས་རྣམས་ཀྱི་བདུན་ཚིགས་དྲུག་པའི་ཉིན་མཆོད་འབུལ་སྨོན་ལམ་ཞིག་གོ་སྒྲིག་ཞུས་ཏེ་ཚོགས་མགོན་དུ་དགེ་ལྡན་བསྟན་པའི་གསལ་བྱེད་༧སྐྱབས་རྗེ་བཟོད་པ་རིན་པོ་ཆེ་མཆོག་དབུ་ཞུགས་གཙོ་བོའི་ཐོག་དགེ་ལྡན་དགོན་སྡེ་ཁག་གི་མཁན་བླ་རྣམ་པ་དང་གྲྭ་བཙུན་སྟོང་ཕྲག་ལྷག་འདུ་འཛོམས་ཀྱིས་མཆོད་འབུལ་སྨོན་ལམ་ཟབ་རྒྱས་ཤིག་ཚོགས། ཐེངས་འདིའི་མཆོད་འབུལ་སྨོན་ལམ་བལ་ཡུལ་དགེ་ལྡན་ལྷན་ཚོགས་དང་བལ་ཡུལ་དགེ་ལྡན་སྨོན་ལམ་ཚོགས་པ་གཉིས་ནས་གོ་སྒྲིག་ཞུས། །

ཕྱི་ལོ་ ༢༠༡༠ ཕྱི་ཟླ་ ༩ ཚེས་ ༡༣ ཉིན་ལྷན་ཚོགས་འདི་ཉིད་མ་འོངས་པར་སྲ་བརྟན་ཡོང་ཆེད་བལ་ཡུལ་གཞུང་གི་ཁྲིམས་དང་མཐུན་པར་དེབ་སྐྱེལ་ལེགས་པར་ཞུས་པ་ཡིན། དེ་ཡང་རྫོང་གི་འཛིན་སྐྱོང་ལས་ཁུངས་དང་སྤྱི་ཚོགས་ཞབས་ཞུའི་ཚོགས་པར་དེབ་སྐྱེལ་ཞུས་པ་དང་བལ་ཡུལ་གཞུང་ནས་ཀྱང་ལྷན་ཚོགས་འདི་ཉིད་སྤྱི་ཚོགས་ཞབས་ཞུའི་ཚོགས་པར་གལ་ཆེ་ཞིག་ལ་ངོས་འཛིན་གནང་སྟེ་དཔྱ་ཁྲལ་མི་དགོས་པའི་ཕྱག་འཁྱེར་གནང་བ་ནི་དགའ་སྤྲོ་དང་རྗེས་སུ་ཡི་རངས་ཀྱི་གནས་སུ་གྱུར་ཡོད།

ཕྱི་ལོ་ ༢༠༡༠ ཕྱི་ཟླ་ ༩ ཚེས་ ༡༤ དང་ ༡༥ ཉིན་གཉིས་ཀྱི་རིང་ཧི་མཱ་ལ་ཡའི་གཞོན་སྐྱེས་རྣམས་ལ་ནང་ཆོས་ཀྱི་གོ་རྟོགས་དང་། ནང་ཆོས་ལ་དོན་གཉེར་གྱི་སྤྲོ་བ་སྔར་ལས་ལྷག་འཕེལ་བའི་ཆེད་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་མཁས་དབང་དགེ་བཤེས་ལྷག་རྡོར་ལགས་དང་ཉམས་ཞིབ་པ་རྒན་ཀརྨ་རྣམ་གཉིས་ཆེད་དུ་གདན་ཞུས་ཀྱིས་མཆོད་འཇོར་ས་གནས་འགོ་འཛིན་གྱི་ཚོགས་ཁང་ཆེན་མོའི་ནང་རིག་གསར་ཚན་རིག་དང་ནང་པའི་ཚན་རིག་གི་འབྲེལ་བའི་སྐོར་ཟབ་སྦྱོང་ཞིག་གོ་སྒྲིག་ཞུས་ཏེ་ཉིན་གཉིས་ཀྱི་ཟབ་སྦྱོང་དུ་ཚོགས་དུས་གསུམ་ཚོགས་ཡོད། ཚོགས་ཐེངས་དང་པོའི་ཐོག་ནང་ཆོས་ཚན་རིག་དང་རིག་གསར་ཚན་རིག་བར་གྱི་འབྲེལ་ལམ་ངོ་སྤྲོད། ཚོགས་ཐེངས་གཉིས་པའི་ཐོག་དངོས་ཁམས་ཚན་རིག་དང་རྡུལ་ཕྲན་སྐོར། ཚོགས་ཐེངས་གསུམ་པའི་ཐོག་སེམས་ཁམས་ཚན་རིག་དང་ཀླད་ཚད་སོགས་ཀྱི་སྐོར་ལ་ཟབ་སྦྱོང་ཚོགས་ཆེན་ཞིག་ཚོགས་ཐུབ་པ་བྱུང་བ་དང་ཟབ་སྦྱོང་དུ་ཆོས་བརྒྱུད་ཆེན་པོ་བཞིའི་གྲྭ་བཙུན་དང་། གཡུང་དྲུང་བོན། ཇོ་ནང་། སྤོ་རོང་དཔལ་མོ་ཆོས་ལྡིངས། མཐོ་སློབ་ཁག་གི་སློབ་མ་དང་སློབ་ཟུར་བ་བཅས་མི་གྲངས་ལྔ་བརྒྱ་ལྷག་མཉམ་ཞུགས་གནང་སྟེ་ཟབ་སྦྱོང་གྲུབ་འབྲས་ལྡན་པ་བྱུང་ཡོད། ཐེངས་འདིའི་ཟབ་སྦྱོང་གི་མཐུན་སྦྱོར་ཞུ་མཁན་ནི་བལ་ཡུལ་དགེ་ལྡན་ལྷན་ཚོགས་དང་ཧི་མཱ་ལ་ཡའི་གཞོན་སྐྱེས་དང་བུད་མེད་ཤེས་ཡོན་འཕེལ་རྒྱས་ལྟེ་གནས་ཁང་བཅས་ཡིན།

ཕྱི་ལོ་ ༢༠༡༠ ཕྱི་ཟླ་ ༩ ཚེས་ ༢༠ ཉིན་ནས་ཉིན་གྲངས་བཅོ་ལྔའི་རིང་འཕགས་ཤིང་གྲུབ་དགོན་ཐུགས་རྗེ་ཆོས་གླིང་དུ་འཇང་དགུན་ཆོས་དངོས་གཞི་ཚོགས། དེ་ཡང་ཕྱི་ཟླ་ ༩ ཚེས་ ༢༠ ཉིན་༧སྐྱབས་རྗེ་གྲུབ་ཐོབ་རིན་པོ་ཆེ་མཆོག་གི་དབུ་བཞུགས་ཐོག་ཞོགས་པར་འཇམ་དབྱངས་བཞུགས་ཁྲིའི་མདུན་འཇམ་དབྱངས་བསྟོད་པ་དང་རྒྱན་འཇུག་གཉིས་སོགས་ཞལ་འདོན་གྲུབ་མཚམས་༸རྒྱལ་བའི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེ་གདན་ཞུས་ཀྱིས་མཛད་སྒོ་གྲུབ་པ་དང་རྟེན་འབྲེལ་གྱི་རྩོད་པ་བསྡུས་ཙམ་ཚོགས་ཤིང། འཇང་དགུན་ཆོས་སྐབས་དགོན་སྡེ་ཁག་གི་ཤེས་ཡོན་འགན་འཛིན་བཅུ་དང་། དཔེ་ཁྲིད་རྒན་གྲངས་བཅུ་གསུམ་བཅས་ཕེབས་ཏེ་གཟིགས་རྟོག་དང་ཐུགས་འགན་ཡང་ཆེར་བཞེས་གནང་ཡོད། དགོན་སྡེ་ཁག་བརྒྱད་ནས་སློབ་མ་གྲངས་བཞི་བརྒྱ་ལྷག་མཉམ་འཛོམས་ཀྱིས་འཇང་དགུན་ཆོས་ཀྱི་ཆོས་ཐོག་ཆེན་མོ་སྒྲིག་འཛུགས་དང་ལྡན་པའི་ངང་ཚོགས་ཐུབ་པ་བྱུང་ཡོད།

ཕྱི་ལོ་ ༢༠༡༠ བོད་ཟླ་ ༡༡ ཚེས་ ༡༣ རེས་གཟའ་ཉི་མའི་ཉིན་ཀོ་པཎ་འོག་མིན་བྱང་ཆུབ་ཆོས་གླིང་དགོན་དུ་དགེ་ལྡན་བསྟན་པའི་གསལ་བྱེད་༸སྐྱབས་རྗེ་བཟོད་པ་རིན་པོ་ཆེ་མཆོག་གི་དབུ་བཞུགས་འོག་བལ་ཡུལ་དགེ་ལྡན་ལྷན་ཚོགས་ཀྱི་ཁྱབ་ཁོངས་དགོན་སྡེ་ཁག་གི་གཞུང་ཆེན་སློབ་གཉེར་སྔར་ལས་ཡར་རྒྱས་ཚགས་ཚུད་སྲ་བརྟན་ཡོང་སླད་འདི་ལོ་ཕྱི་ལོ་ ༢༠༡༠ ལོ་ནས་བཟུང་ལོ་ལྟར་རབ་འབྱམས་པའི་དགེ་ལྡན་གཙུག་ལག་སློབ་གཉེར་ཁང་གི་རྒྱུགས་སྤྲོད་ཆེན་མོ་དབུ་འཛུགས་ཞུས་ཡོད། དེ་ཡང་ཉིན་དང་པོའི་མཛད་སྒོའི་ཐོག་རང་གཞུང་སྐུ་ཚབ་དོན་གཅོད་མཆོག་དང་། དགེ་ལྡན་བསྟན་པའི་གསལ་བྱེད་༸སྐྱབས་རྗེ་བཟོད་པ་རིན་པོ་ཆེ་མཆོག་གི་དབུ་བཞུགས་འོག་སྐྱབས་རྗེ་གྲུབ་ཐོབ་རིན་པོ་ཆེ། ཀོ་པཎ་མཁན་རིན་པོ་ཆེ་དགེ་བཤེས་ལྷུན་གྲུབ་རིག་གསལ་མཆོག་སོགས་དགོན་སྡེ་ཁག་གི་མཁན་བླ་དང་།འགན་འཛིན་། དགེ་བསྐོས། གཞན་ཡང་ལྷག་བསམ་ཅན་གྱི་དད་སྦྱིན་ཁག རྒྱུགས་སྤྲོད་པ། གསར་འགོད་པ་བཅས་མི་གྲངས་ཉིས་བརྒྱ་ལྷག་འདུ་འཛོམས་ཐོག་མཛད་སྒོ་ཟབ་རྒྱས་ངང་ཚོགས་གནང་ཡོད། དེ་རྗེས་ཉིན་གྲངས་བདུན་རིང་བལ་ཡུལ་དགེ་ལྡན་གཙུག་ལག་སློབ་གཉེར་ཁང་གི་རབ་འབྱམས་པའི་རྒྱུགས་སྤྲོད་ཆེན་མོ་འདི་ཉིད་རྩོད་རྒྱུགས་དང་བྲི་རྒྱུགས་གཉིས་ཀྱི་ཐོག་སློབ་གཉེར་བ་གྲངས་ཉེར་གཅིག་ནས་གོ་སྐབས་ལེན་ཐུབ་པ་བྱུང་ཡོད།

མཇུག་བསྡོམས་སུ་ཀོ་པཎ་དགོན་གྱི་མཁན་རིན་པོ་ཆེ་མཆོག་དབུ་བཞུགས་འོག་ལྷན་ཚོགས་ཀྱི་ཁྱབ་ཁོངས་དཔེ་ཁྲིད་རྒན་རྣམ་པ་དང་ཤེས་ཡོན་འགན་འཛིན་རྣམ་པ་བཅས་ལྷན་འཛོམས་ཐོག་མཁན་རིན་པོ་ཆེ་མཆོག་ནས་བཀའ་སློབ་གནང་དོན། བལ་ཡུལ་དགེ་ལྡན་གཙུག་ལག་སློབ་གཉེར་ཁང་གི་རྒྱུགས་སྤྲོད་ཆེན་མོ་ལེགས་གྲུབ་བྱུང་བར་བསྔགས་བརྗོད་དང་དེ་བཞིན་འདི་གའི་ལྷན་ཚོགས་དང་རྒྱུགས་སྤྲོད་པ་རྣམས་ལའང་བཀའ་སློབ་ལམ་སྟོན་གནང་མཚམས་རྒྱལ་བའི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེ་གདན་ཞུས་ཀྱིས་མཇུག་བསྡོམས་ཀྱི་མཛད་རིམ་གྲུབ་པ་ཡིན།

༡ ༄༅། ། ཕྱི་ལོ་ ༢༠༡༡ བོད་རྒྱལ་ལོ་ ༢༡༣༨ བོད་ཟླ་ ༢ ཚེས་ ༡༢ ཉིན་བལ་ཡུལ་དགེ་ལྡན་ལྷན་ཚོགས་ཀྱི་ལོ་འཁོར་ལས་བསྡོམས་ཚོགས་ཆེན་ཐེངས་དང་པོ་མཆོད་འཇོར་ས་གནས་འགོ་འཛིན་ཚོགས་ཁང་དུ་ལེགས་པར་ཚོགས་པ་དང་། དེ་ཉིན་ཞོགས་པ་ཚོུད་ ༩ པའི་ཐོག་ལྷན་ཚོགས་ཀྱི་སློབ་སྟོན་པའི་ཁོངས་༸སྐྱབས་རྗེ་གསེར་སྐོང་རིན་པོ་ཆེ་མཆོག་དང་། གཞུང་དགོན་བསམ་གཏན་གླིང་གི་མཁན་རིན་པོ་ཆེ་མཆོག བཙུན་དགོན་ཐུགས་རྗེ་ཆོས་གླིང་གི་མཁན་རིན་པོ་ཆེ་མཆོག བལ་ཡུལ་དགེ་ལྡན་སྨོན་ལམ་ཆེན་མོའི་ཚོགས་གཙོ་མཆོག་གིས་གཙོས་ཁྱབ་ཁོངས་དགོན་པ་ཁག་གི་སློབ་དཔོན། འགན་འཛིན། ཤེས་ཡོན་འགན་འཛིན། དགེ་བསྐོས། དཔེ་འཁྲིད་གནང་མཁན་གྱི་དགེ་བའི་བཤེས་གཉེན་རྣམ་པ། སློབ་གཉེར་བའི་འཐུས་མི་དང་ལྷན་ཚོགས་ཀྱི་རྒྱུན་ལས་ལྔ་བཅས་ཁྱོན་ཚོགས་ཞུགས་པ་མི་གྲངས་བརྒྱད་ཅུ་ལྷག་ཚོགས་ཞུགས་གནང་ཡོད། ཐོག་མར་རྒྱལ་བའི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་ནས་ལས་བསྡོམས་དང་རྩིས་ཁྲ་ཁམས་དྭངས་སྙན་སྒྲོན་ཞུས། དེ་རྗེས་སློབ་སྟོན་པ་རྣམས་ནས་བཀའ་སློབ་རིམ་པས་གནང་བ་དང་། ཚོགས་ཞུགས་འཐུས་མི་ཡོངས་ནས་འདས་པའི་ལས་དོན་ལ་བསྐྱར་ཞིབ་དང་མ་འོངས་ལས་དོན་གོང་འཕེལ་གཏོང་ཐབས་སོགས་ཀྱི་གྲོས་འཆར་ལྷུག་པོར་གནང་ནས་ཕྱི་དྲོ་ཆུ་ཚོད་བཞི་པ་ཙམ་ལ་ཚོགས་ཆེན་ལེགས་པར་མཇུག་བསྡོམས་ཞུས།

༢ ༄༅། ། ཕྱི་ལོ་ ༢༠༡༡ བོད་རྒྱལ་ལོ་ ༢༡༣༨ བོད་ཟླ་ ༣ ཚེས་ ༡༥ ཉིན་བདག་ཅག་གི་སྟོན་པ་སྐུ་བལྟམས་པའི་གནས་ཁྱད་པར་ཅན་ལུམ་བི་ནིར་བལ་ཡུལ་གཞུང་ནས་གོ་སྒྲིག་གནང་བ་ལྟར་༼ གཽཏམ་བུདྷ་ཞི་བདེའི་གཟེངས་རྟགས་༽འབུལ་རྒྱུའི་མཛད་སྒོའི་ཐོག་ལྷན་ཚོགས་ལ་མགྲོན་ཤོག་གནང་འབྱོར་ལྟར་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་མཉམ་ཞུགས་གནང། དེ་ཉིན་བལ་ཡུལ་གཞུང་གི་དགོན་པ་ལྟ་རྟོགས་དང་ཡར་རྒྱས་ཚོགས་པའི་གོ་སྒྲིག་འོག་བལ་ཡུལ་རྒྱལ་སར་བདག་ཅག་གི་སྟོན་པ་སྐུ་བལྟམས་པའི་མཛད་སྒོའི་ཐོག་ལྷན་ཚོགས་ཀྱི་སློབ་སྟོན་པ་ཤྲཱི་ཆུ་བཟང་རིན་པོ་ཆེ་མཆོག་དང་། ཚོགས་གཞོན། དྲུང་ཆེ། ཁྱབ་ཁོངས་དགོན་པ་ཁག་ནས་དགེ་བཙུན་ཞལ་གྲངས་ ༡༠༠ ལྷག་མཉམ་ཞུགས་བྱས་པ་དང་། གོང་གསལ་ལུམ་བི་ནིར་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བལ་ཡུལ་སྲིད་འཛིན་མཆོག་གིས་གཙོས་བློན་ཆེན་ཁག་དང་། སྤྱི་འཐུས། ཆོས་བརྒྱུད་འདྲ་མིན་གྱི་འཐུས་མི་སོགས་ཚོགས་ཞུགས་པ་ཆིག་སྟོང་བརྒལ་བ་དང་། དེ་བཞིན་བལ་ཡུལ་རྒྱལ་སར་བདག་ཅག་གི་སྟོན་པ་སྐུ་བལྟམས་པའི་མཛད་སྒོའི་སྐུ་མགྲོན་གཙོ་བོ་བལ་ཡུལ་རྒྱལ་ཡོངས་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གཙོས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང། ཆོས་བརྒྱུད་ཁག་གི་འཐུས་མི་བཅས་ཚོགས་ཞུགས་པ་ཆིག་སྟོང་མཉམ་འཛོམས་བྱུང་བ་དང། དེའི་ཉིན་ཤྲཱི་ཆུ་བཟང་རིན་པོ་ཆེ་མཆོག་ནས་ལྷན་ཚོགས་ཀྱི་སྐུ་ཚབ་མཛད་དེ་ཡུལ་སྐད་ཐོག་དུས་ཆེན་དང་འབྲེལ་བའི་བཀའ་སློབ་གསུང་བཤད་བཀའ་དྲིན་བསྩལ་བ་སོགས་མཛད་སྒོ་ལེགས་པར་གྲུབ།

༣ ༄༅། ། ཕྱི་ལོ་ ༢༠༡༡ བོད་རྒྱལ་ལོ་ ༢༡༣༨ བོད་ཟླ་ ༤ ཚེས་ ༡༤ དང་ ༡༥ ཉིན་གཉིས་རིང་བལ་ཡུལ་ནང་པའི་ཚོགས་ཆེན་གྱིས་ལོ་ལྟར་རིས་མེད་སྨོན་ལམ་ཆེན་མོ་འཚོགས་སྐབས་ཆོས་བརྒྱུད་ཁག་བཞིས་རེས་མོས་གོ་སྒྲིག་ཞུ་དགོས་པ་ལྟར། འདི་ལོ་བལ་ཡུལ་དགེ་ལྡན་ལྷན་ཚོགས་ནས་གོ་སྒྲིག་ཞུས་ཏེ་མཆོད་རྟེན་ཉེ་འགྲམ་བཅོ་བརྒྱད་ཁྲི་རིན་པོ་ཆེའི་དགོན་པར་ས་ག་ཟླ་བའི་ཉིན་གཉིས་ཀྱི་རིས་མེད་སྨོན་ལམ་ཆེན་མོ་འདི་བཞིན་ལས་དོན་ཚགས་ཚུད་བསྒྲུབས་པར་བལ་ཡུལ་ནང་པའི་ཚོགས་ཆེན་གྱི་ལས་བྱེད་ཡོངས་ནས་བསྔགས་བརྗོད་ལེགས་པར་ཐོབ།

༤ ༄༅། ། ཕྱི་ལོ་ ༢༠༡༡ བོད་རྒྱལ་ལོ་ ༢༡༣༨ བོད་ཟླ་ ༣ ཚེས་ ༣  ཉིན་ཁྱབ་ཁོངས་དགོན་ཁག་བཅུའི་འགན་འཛིན་ཡོངས་ཀྱི་དགོངས་པ་གཅིག་གྱུར་རྒྱབ་སྐྱོར་ཐོག་དགེ་ལྡན་ལྷན་ཚོགས་ནས་ཀོ་པཎ་མཁན་རིན་པོ་ཆེ་དགེ་བཤེས་ལྷུན་གྲུབ་རིག་གསལ་མཆོག་གི་སྐུ་ཕྱྭའི་ཞབས་རིམ་གནད་སྨིན་བསྒྲུབས་པ་དང། དེ་ཡང་ཀོ་པཎ་འོག་མིན་བྱང་ཆུབ་ཆོས་གླིང་དགོན་དུ་ཁྱབ་ཁོངས་དགོན་པ་ཁག་བཅུའི་དགེ་འདུན་རྒན་པ་བཅོ་ལྔ་རེ་དང་ཀོ་པཎ་སྟེང་ཤོད་གཉིས་ཀྱི་དགེ་བཙུན་བཅས་དགེ་འདུན་ཞལ་གྲངས་ ༨༠༠ ལྷག་འདུ་འཛོམས་ཐོག་གནས་བརྟན་ཕྱག་མཆོད་དང་། སྨན་བླ་རྒྱས་པ། རྣམ་རྒྱལ་སྟོང་མཆོད་བཅས་ཞབས་རིམ་འབད་སྒྲུབ་ཞུས། འོན་ཀྱང་གདུལ་བྱ་བསོད་ནམས་དམན་པ་དང་བསྟན་པའི་གེགས་དབང་ཐོག་རེ་ཞིག་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་པས་བློ་ཕམ་གནས་སུ་གྱུར།

༥ ༄༅། ། ཕྱི་ལོ་ ༢༠༡༡ བོད་རྒྱལ་ལོ་ ༢༡༣༨ བོད་ཟླ་ ༨ ཚེས་ ༡༡ ཉིན་དགེ་ལྡན་ལྷན་ཚོགས་དང་ཀོ་པཎ་སྟེང་ཤོད་དགོན་པ་གཉིས་ཐུན་མོང་ཐོག་མཆོད་རྟེན་བྱ་རུང་ཁ་ཤོར་མདུན་དུ་ཞིང་གཤེགས་དམ་པ་ཀོ་པཎ་མཁན་ཟུར་རིན་པོ་ཆེ་དགེ་བཤེས་ལྷུན་གྲུབ་རིག་གསལ་མཆོག་གི་འདས་མཆོད་མཆོད་འབུལ་གོ་སྒྲིག་ཞུས་པ་དང། དེ་ཉིན་ཀོ་པཎ་སྟེང་ཤོད་དགོན་པ་གཉིས་ཀྱི་གྲྭ་བཙུན་རྣམས་དང་འཇང་དགུན་ཆོས་ཀྱི་སློབ་གཉེར་བ་དང་དཔེ་འཁྲིད་དགེ་རྒན་བཅས་དགེ་འདུན་ཞལ་གྲངས་ཆིག་སྟོང་ལྷག་མཉམ་འཛོམས་ངང་མཆོད་འབུལ་རྒྱ་ཆེར་ཞུས་པ་དང། དེའི་སྐབས་ཞིང་གཤེགས་དམ་པ་སྔ་འགྱུར་རྙིང་མའི་དབུ་འཛིན་༧སྐྱབས་རྗེ་རྫ་རོང་འཁྲུལ་ཞིག་རིན་པོ་ཆེ་མཆོག་དང་བོད་བསྟན་སྲིད་ཆེད་རང་སྲོག་བློས་གཏོང་གནང་མཁན་བཅས་ཀྱི་ཆེད་དུ་ཡང་སྐྱབས་འཇུག་བསྔོ་སྨོན་ཞུས་པ་བཅས་ཀྱི་ལས་དོན་བསྒྲུབས།

༦ ༄༅། ། ཕྱི་ལོ་ ༢༠༡༡ བོད་རྒྱལ་ལོ་ ༢༡༣༨ བོད་ཟླ་ ༧ ཚེས་ ༢༥ ནས་ཉིན་གསུམ་རིང་བོད་གཞུང་ཆོས་རིག་ལྷན་ཁང་གིས་གོ་སྒྲིག་གནང་སྟེ་རྡ་ས་བཞུགས་སྒར་དུ་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་བླ་ཆེན་ཚོགས་ཆེན་ཐེངས་བཅུ་གཅིག་པ་ཚོགས་པ་དེར་ཆོས་དོན་ནས་མགྲོན་བརྡ་གནང་འབྱོར་ལྟར་དགེ་ལྡན་ལྷན་ཚོགས་ཀྱི་འཐུས་མི་ལྷན་ཚོགས་ཀྱི་དྲུང་ཆེ་མཉམ་ཞུགས་ཐུབ་པ་བྱུང་ཡོད། དེ་ཡང་ཉིན་གསུམ་གྱི་ཚོགས་ཆེན་ཐོག་དབུ་བཞུགས་གཙོ་བོ་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། དགའ་ལྡན་ཁྲི་རིན་པོ་ཆེ། ཤར་བྱང་གི་ཆོས་རྗེ་རྣམ་གཉིས། ཆོས་བརྒྱུད་ཁག་གི་བླ་ཆེན་དང་འཐུས་མི་བཅས་ཚོགས་ཞུགས་པ་ཞལ་གྲངས་སུམ་ཅུ་ལྷག་མཉམ་བཞུགས་ཐོག དོན་ཚན་དགུ་ཐོག་གྲོས་འཆར་གནང་བ་མ་ཟད་དེའི་སྐབས་ལྷན་ཚོགས་ཀྱི་དྲུང་ཆེ་མཆོག་ནས་བལ་ཡུལ་དགེ་ལྡན་ལྷན་ཚོགས་ཀྱི་ལས་དོན་སྔ་ཕྱི་བར་གྱི་དོན་ཚན་རྣམས་སྙན་གསེང་ཞུ་ཐུབ་པ་བྱུང་བ་བཅས་ཀྱི་ལས་དོན་བསྒྲུབས།

༧ ༄༅། ། ཕྱི་ལོ་ ༢༠༡༡ བོད་རྒྱལ་ལོ་ ༢༡༣༨ བོད་ཟླ་ ༨ ཚེས་ ༡༡ ནས་ཉིན་གྲངས་བཅོ་ལྔ་རིང་བལ་ཡུལ་དགེ་ལྡན་ལྷན་ཚོགས་ཀྱི་གོ་སྒྲིག་ཐོག་ཤྲཱི་ཆུ་བཟང་གྲྭ་ཚང་དུ་བལ་ཡུལ་འཇང་དགུན་ཆོས་ཐེངས་གཉིས་པ་ཚོགས་པ་དང། དེ་ཡང་ཉིན་དང་པོའི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བལ་ཡུལ་བོད་མིའི་སྐུ་ཚབ་འབྲེལ་ཐུད་པ་འཕྲིན་ལས་བླ་མ་མཆོག་དང། སྐུ་ཚབ་དོན་གཅོད་ཟུར་པ་སྐུ་ངོ་འཕྲིན་ལས་རྒྱ་མཚོ་མཆོག ཤྲཱི་ཆུ་བཟང་རིན་པོ་ཆེ་མཆོག བལ་ཡུལ་དགེ་ལྡན་སྨོན་ལམ་ཆེན་མོའི་ཚོགས་གཙོ་རྒན་ཚུལ་ཁྲིམས་ལགས། བལ་ཡུལ་ནང་པའི་ཚོགས་ཆེན་གྱི་འཐུས་མི་ཚོགས་གཞོན་རྒན་འཇིགས་གྲོལ་ལགས་དང་དངུལ་གཉེར་ཨཅརྱ་ནོར་བུ་ཤར་པ་ལགས། ཆོས་བརྒྱུད་ཁག་གི་སྐུ་ཚབ། མཆོད་འཇོར་ས་གནས་འགོ་འཛིན། གཞུང་འབྲེལ་དང་གཞུལ་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ། རང་ཁོངས་དགོན་པ་ཁག་གི་འགན་འཛིན་དང་ཤེས་ཡོན་འགན་འཛིན། དཔེ་འཁྲིད་རྒན། སློབ་གཉེར་བ་བཅས་མཉམ་འཛོམས་ཐོག་བལ་ཡུལ་འཇང་དགུན་ཆོས་ཐེངས་གཉིས་པའི་དབུ་འབྱེད་མཛད་སྒོ་ལེགས་པར་ཚོགས་པ་དང་། ལོ་འདིའི་འཇང་དགུན་ཆོས་སྐབས་ཁྱབ་ཁོངས་དགོན་པ་ཁག་བརྒྱད་ཀྱི་སློབ་གཉེར་བ་རྣམས་དང། དེ་བཞིན་བོ་དོང་ཆོས་བརྒྱུད་སྤོ་རོང་དཔལ་མོ་ཆོས་སྡིངས་དགོན་གྱི་སློབ་གཉེར་བ། འབྲི་གུང་བཀའ་བརྒྱུད་རིན་ཆེན་ཚལ་གྱི་སློབ་གཉེར་བ་བཅས་སློབ་གཉེར་བ་གྲངས་གསུམ་བརྒྱ་ལྷག་མཉམ་འཛོམས་ཐོག་ཚད་མ་རྣམ་འགྲེལ་གྱི་རིགས་ལམ་ལ་སྦྱང་བ་བྱེད་རྒྱུའི་འཇང་དགུན་ཆོས་ཆོས་ཐོག་ཆེན་མོ་འདི་ཉིད་ལེགས་པར་ཚོགས་ཐུབ་པ་བྱུང་ཡོད། དེའི་སྐབས་དགོན་པ་ཁག་གི་དཔེ་འཁྲིད་རྒན་ལགས་རྣམ་པ་དང་ཆོས་ཐོག་རྒན་པ་རྣམས་ནས་སྒྲིག་ལམ་གཟིགས་རྟོག་ནན་པོའི་ཐོག་སློབ་གཉེར་བ་རྣམས་ལ་རྩོད་པ་རྩོད་རོགས་སོགས་བློ་སྐྱེད་ལེགས་པར་ཕུལ་བ་དང། དེ་བཞིན་ཤྲཱི་ཆུ་བཟང་རིན་པོ་ཆེ་དང་རྒན་ཚུལ་ཁྲིམས་ལགས་གཙོས་ཤྲཱི་ཆུ་བཟང་གྲྭ་ཚང་གི་ལས་བྱེད་དགེ