བལ་ཡུལ་དགེ་ལྡན་ལྷན་ཚོགས་ཀྱི་རྒྱུགས་སྤྲོད་བྱུང་རིམ།

༄༅། །ཇི་སྐད་དུ། དེ་ཉིད་ཕྱིར་ན་མི་ཕམ་ཆོས་རྗེ་དང། །འཛམ་གླིང་རྒྱན་དྲུག་མཆོག་གཉིས་ཞེས་གྲགས་པའི། །གཞུང་ལ་ཕྱོགས་རེ་བ་དང་རགས་པ་རེས། །ཚིམ་པར་མ་བྱས་ཀུན་ལ་ཞིབ་ཏུ་སྦྱང། །ཞེས་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་འཇམ་མགོན་བླ་མ་རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་དཔལ་བཟང་པོ་མཆོག་ནས་རང་ཅག་རི་བོ་དགེ་ལྡན་པའི་རྗེས་འཇུག་ཡོད་དོ་ཅོག་ལ་ཇི་ལྟར་གདམས་པ་ལྟར་རང་ཅག་གངས་ཅན་པ་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་ལྷར་བཅས་སྲིད་ཞིའི་གཙུག་རྒྱན་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རང་ཅག་རབ་བྱུང་ཙམ་མ་ཟད་ནང་པ་སྐྱེས་ཕོ་མོ་ཡོངས་རྫོགས་ནས་དཔལ་ཎ་ལེནྡྲའི་དྲི་མ་མེད་པའི་ཆོས་བརྒྱུུད་ཀྱི་གཞུང་ཆེན་ཁག་ལ་མཚན་ཉིད་རིགས་ལམ་གྱི་སྒོ་ནས་སྦྱང་དགོས་པ་ཤིན་ཏུ་གལ་ཆེ་བ་ཡིན་པ་སོགས་བཀའ་སློབ་ལམ་སྟོན་ཡང་ཡང་ཕེབས་པའི་རླབས་ཆེན་དགོངས་གཞི་བཞིན། ཁྱབ་ཁོངས་དགོན་ཁག་གི་གཞུང་ཆེན་སློབ་གཉེར་སྔར་ལས་ཡར་རྒྱས་སྲ་བརྟན་ཡོང་སླད་སློབ་གཉེར་བ་རྣམས་ལ་གཞུང་ཆེན་བཀའ་པོད་ལྔའི་རབ་འབྱམས་པའི་རྒྱུགས་སྤྲོད་ཆེན་མོ་འདི་ལྟ་བུ་གོ་སྒྲིག་གི་ལས་འཆར་དགོས་པ་ལྷན་ཚོགས་ཀྱི་སློབ་སྟོན་པ་རྣམས་དང་ཤེས་ཡོན་འགན་འཛིན། དཔེ་འཁྲིད་རྒན་དགེ་བའི་བཤེས་གཉེན་རྣམ་པ་བཅས་འབྲེལ་ཡོད་ཚང་མས་དགོངས་འཆར་བྱུང་སྟེ། སྤྱི་ལོ་ ༢༠༡༠ ཟླ་   ཚེས་   ལ་དངོས་སུ་དབུ་འཛུགས་ཐུབ་པ་བྱུང་བ་དང།

དེ་ཡང་ལྷན་ཚོགས་ཀྱི་སློབ་སྟོན་པ་རྣམ་པ་དང་ཁྱབ་ཁོངས་དགོན་པ་ཁག་གི་དཔེ་འཁྲིད་དགེ་རྒན་དགེ་བའི་བཤེས་གཉེན། ཤེས་ཡོན་འགན་འཛིན། ལྷན་ཚོགས་ཀྱི་རྒྱུན་ལས་བཅས་ཚོགས་མི་མི་གྲངས་སུམ་ཅུ་ལྷག་འདུ་འཛོམས་ཐོག རྒྱུགས་སྤྲོད་ཀྱི་སློབ་ཚན་ཁག་གཏན་འབེབས་དང་། དེ་བཞིན་རྒྱུགས་སྤྲོད་ལ་རྩོད་རྒྱུགས་དང་བྲིས་རྒྱུགས་གཉིས་ཀྱི་བརྒྱ་ཆ། རྒྱུགས་ཀྱི་དུས་ཡུན་དང་རྒྱུགས་སྤྲོད་གྲུབ་འབྲས་ཤོག་ལྷེ། ཕྱག་འཁྱེར་བཅས་ཀྱི་ཐོག་ལ་གྲོས་བསྡུར་ཡང་ཡང་གནང་སྟེ་གཏན་འཁེལ་བྱུང་བ་དང། དེ་བཞིན་རྒྱུགས་སྤྲོད་དོ་དམ་པ་ཁྱབ་ཁོངས་དགོན་པ་ཁག་གི་དཔེ་འཁྲིད་རྒན་ཁོངས་ནས་དགེ་བའི་བཤེས་གཉེན་གསུམ་རེ་ནས་དུས་ཡུན་ལོ་གཉིས་རིང་རྒྱུགས་སྤྲོད་དོ་དམ་པའི་འགན་བཞེས་གནང་རྒྱུ། རྒྱུགས་སྤྲོད་ཀྱི་སྒྲིག་གཞི་ནང་གསལ་རྒྱུགས་སྤྲོད་ཕེབས་མི་སློབ་གཉེར་བ་རྣམས་ནས་རྒྱུགས་སྤྲོད་ནང་ཞུགས་པ་ལ། ཕར་ཕྱིན་རབ་འབྱམས་པའི་རྒྱུགས་སྤྲོད་ལ་ཞུགས་པར་ཕར་ཕྱིན་ལོ་བདུན་སློབ་གཉེར་བྱས་ཟིན་པའི་མཁན་པོའི་རྒྱབ་གཉེར་དང་གྲྭ་ཚང་སོ་སོའི་རྒྱུགས་སྤྲོད་མཐའ་མའི་གྲུབ་འབྲས་ཤོག་ལྷེ་དགོས་པ་དང། དེ་བཞིན་དབུ་མ་རབ་འབྱམས་པའི་རྒྱུགས་སྤྲོད་པ་ལ་དབུ་མ་ལོ་གཉིས་སློབ་གཉེར་བྱས་ཟིན་པ། འདུལ་བ་རབ་འབྱམས་པའི་རྒྱུགས་སྤྲོད་པ་ལ་འདུལ་བ་ལོ་གཉིས་སློབ་གཉེར་བྱས་ཟིན་པ། མཛོད་རབ་འབྱམས་པའི་རྒྱུགས་སྤྲོད་པ་ལ་མཛོད་ལོ་གཉིས་སློབ་གཉེར་བྱས་ཟིན་པ། རྣམ་འགྲེལ་ལོ་རིམ་སོ་སོར་སྦྱང་ཟིན་པའི་མཁན་པོའི་རྒྱབ་གཉེར་མཚན་རྟགས་འཁོད་ཐོག་གྲྭ་ཚང་སོ་སོའི་རྒྱུགས་སྤྲོད་མཐའ་མའི་གྲུབ་འབྲས་ཤོག་ལྷེ་བཅས་ཀྱི་ཆ་རྐྱེན་ཚང་དགོས་པ་དང། ཕར་ཕྱིན་རབ་འབྱམས་པའི་རྒྱུགས་སྤྲོད་ལ་ལོ་རིམ་གཉིས། དབུ་མ་རབ་འབྱམས་པའི་རྒྱུགས་སྤྲོད་ལ་ལོ་རིམ་གཉིས། འདུལ་བ་རབ་འབྱམས་པའི་རྒྱུགས་སྤྲོད་ལ་ལོ་རིམ་གཅིག མཛོད་རབ་འབྱམས་པའི་རྒྱུགས་སྤྲོད་ལ་ལོ་རིམ་གཅིག་བཅས་ཡིན།

རྒྱུགས་འཕྲོད་པ་རྣམས་ལ་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དུས་ཆེན་ཁྱད་པར་ཅན་དང་སྟབས་བསྟུན་ཏེ་སྨོན་ལམ་ཆེན་མོའི་དགེ་འདུན་འདུས་པ་རྒྱ་མཚོའི་དབུས་སུ་སྨོན་ལམ་ཁྲི་པ་རིན་པོ་ཆེའི་ཕྱག་ནས་གཞུང་ཆེན་སོ་སོའི་རབ་འབྱམས་པའི་ཕྱག་འཁྱེར་དང། གོང་གསལ་རབ་འབྱམས་པ་ཁག་བཞིའི་རྒྱུགས་སྤྲོད་ལེགས་པར་ཐོན་པ་རྣམས་ལ་བསླབ་པ་མཐར་སོན་པའི་ཕྱག་འཁྱེར་བཅས་ཕུལ་ཏེ་སློབ་གཉེར་བ་རྣམས་ལ་སློབ་གཉེར་ལ་སྐུལ་མ་ཞུ་རྒྱུའི་ལས་འཆར་བཅས་ཡོད་པ་དང། འདི་ལྟ་བུའི་གཞུང་ཆེན་བཀའ་པོད་ལྔའི་རབ་འབྱམས་པའི་རྒྱུགས་སྤྲོད་ཚད་ལྡན་དང་། རབ་འབྱམས་པའི་ཕྱག་འཁྱེར་འབུལ་རྒྱུའི་བལ་ཡུལ་དགེ་ལྡན་གཙུག་ལག་སློབ་གཉེར་ཁང་གི་ལས་འཆར་འདི་ནི་བལ་ཡུལ་ནང་དུ་སྔར་བྱུང་མ་མྱོང་བའི་ལོ་རྒྱུས་གསར་པ་ཞིག་དང། བལ་ཡུལ་ནང་དུ་རི་བོ་དགེ་ལྡན་པའི་བསྟན་པ་སྲ་བརྟན་དར་སྤེལ་ཡོང་བའི་རྨང་གཞི་ཞིག་བསྐྲུན་པར་ངོས་འཛིན་ཞུ་ཡི་ཡོད།

གཞུང་ཆེན་རྒྱུགས་སྤྲོད་ཐོན་པའི་ཕྱག་འཁྱེར་འབུལ་རྒྱུ་འདི་དེང་གི་སྤྱི་ཚོགས་དུས་རབས་དང་འཚམས་པའི་ལས་དོན་ཞིག་ལས་དོན་གྱི་སྙིང་པོར་བཟུང་མེད། གང་ལགས་ཟེར་ན། ནང་དོན་རིག་པའི་གཞུང་ལ་སྦྱང་པ་བྱེད་རྒྱུ་འདི་ནི་ཐ་སྙད་ཀྱི་གཞུང་ལུགས་ལ་སྦྱངས་པ་བྱས་པ་ལྟ་བུའི་རང་དོན་ཁོག་བཅུག་དང། ཆབ་སྲིད་ཀྱི་དགོས་མཁོ། དེ་བཞིན་མ་འོངས་པར་གླ་ཕོགས་ཆེན་པོ་ཡོང་རྒྱུ་སོགས་ཀྱི་ཆེད་དུ་མིན། བཀའ་གདམས་གོང་མ་རྣམས་ཀྱི་གསུང་རྒྱུན་ལྟར། ཐོས་རྟགས་ཞི་ཞིང་དུལ་བ། སྒོམ་རྟགས་ཉོན་མོངས་ཆུང་བ། ཞེས་གསུངས་པ་དང་། དཔལ་ཎ་ལེནྡྲའི་མཁས་པའི་གཙུག་རྒྱན་མགོན་པོ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། ཐོས་པའི་རྗེས་འཇུག་སྒྲུབ་པ་སྙིང་པོ་བྱེད། ཅེས་གསུངས་པ་མ་ཟད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཀྱང། རང་ཅག་སློབ་གཉེར་བ་རྣམས་ལ་ཡང་ནས་ཡང་དུ་བཀའ་སློབ་ལམ་སྟོན་ཕེབས་པའི་ནང། གཞུང་ཆེན་བཀའ་པོད་ལྔ་ལ་སྦྱངས་པ་བྱས་པའི་འབྲས་བུ་རབ་བྱུང་ན་ཚེ་དང་སྒྲུབ་པ་མཉམ་པ་དང་། ཐོས་དོན་སྒྲུབ་པ་ཉམས་ལེན་ཁོ་ནར་གཞོལ་ཐུབ་པ་དང། འབྲིང་ལ་སྒོ་གསུམ་ཞི་ཞིང་དུལ་བའི་ཐོག་གང་ཐོས་བསམ་བྱས་པ་དེ་གཞན་ལ་འཆད་ཐུབ་པ་དང་རང་ཉིད་ཀྱིས་ཀྱང་ཉམས་ལེན་གང་ཐུབ་བྱེད་ཐུབ་པ། ཐ་མ་སྒོ་གསུམ་གྱི་སྤྱོད་པ་ཆོས་དང་མཐུན་པ་ཞི་ཞིང་དུལ་བ་ཞིག་དགོས་པ་ཡིན་ཞེས་ཇི་ལྟར་སློབ་སྟོན་གནང་བ་ལྟར་དོན་སྙིང་འདི་ཡིན་པ་ཐུགས་ལ་མངའ་བ་དགོས། འདི་ལྟ་བུའི་གཞུང་དོན་སྒྲུབ་པ་ཉམས་ལེན་འོང་བ་ལ་ཐོག་མར་གཞུང་ལུགས་ལ་ཐོས་བསམ་རྒྱ་ཆེར་བྱེད་དགོས་པ་ཡིན་ཏེ། འཇིག་རྟེན་ངག་རྒྱུན་དུ། ཐོས་པ་མེད་པའི་སྒོམ་པ་དེ། ལག་རྡུམ་བྲག་ལ་འཛེགས་པ་འདྲ། ཞེས་པ་དོན་ལ་གནས་པ་དང། ཇི་སྐད་དུ་ཡང། དཔལ་ཎ་ལེནྡྲའི་སློབ་དཔོན་ཆེན་པོ་དབྱིག་གཉེན་གྱི་གསུང་ལས། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་དང། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་གསུང་ལས་ཀྱང་། དང་པོ་རྒྱ་ཆེན་ཐོས་པ་མང་དུ་བཙལ། །བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར། ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས། །ཞེས་ཇི་སྐད་གསུངས་པ་ལྟར་ཐོས་བསམ་སྒོམ་པ་ལ་གཅིག་ཏུ་བརྩོན་དགོས་པ་ལགས་སོ། །

ཕར་ཕྱིན་ལོ་རིམ་དང་པོའི་སློབ་ཚན།

ཨང་།

གཞུང།

མཛད་པ་པོ།

བསྟན་བཅོས་མངོན་རྟོགས་རྒྱན་རྩ་བ། སྐབས་དང་པོ། གཉིས་པ། གསུམ་པ།

རྗེ་བཙུན་བྱམས་པ་མགོན་པོ།

འགྲེལ་བ་དོན་གསལ། སྐབས་དང་པོ། གཉིས་པ། གསུམ་པ།

སློབ་དཔོན་སེང་གེ་བཟང་པོ།

རྣམ་བཤད་སྙིང་པོ་རྒྱན། སྐབས་དང་པོ། གཉིས་པ། གསུམ་པའི་འགྲེལ་པ།

རྒྱལ་ཚབ་དར་མ་རིན་ཆེན།

ལེགས་བཤད་གསེར་ཕྲེང། སྐབས་དང་པོ། གཉིས་པ། གསུམ་པའི་འགྲེལ་པ།

རྗེ་ཙོང་ཁ་པ་ཆེན་པོ།

རྣལ་འགྲེལ་ལེའུ་དང་པོ་སྟོད་ཆ་རྩ་འགྲེལ།

དཔལ་ལྡན་ཆོས་ཀྱི་གྲགས་པ།

རྣམ་འགྲེལ་ཐར་ལམ་གསལ་བྱེད་ལེའུ་དང་པོའི་སྟོད་ཆ།

རྒྱལ་ཚབ་དར་མ་རིན་ཆེན།

དྲང་ངེས་ལེགས་བཤད་སྙིང་པོའི་སྟོད་ཆ།

རྗེ་ཙོང་ཁ་པ་ཆེན་པོ།

སུམ་ཅུ་བ།

བྲ་ཏི་རིན་ཆེན་དོན་གྲུབ།

 

ཕར་ཕྱིན་ལོ་རིམ་གཉིས་པའི་སློབ་ཚན།

ཨང།

གཞུང།

མཛད་པ་པོ།

བསྟན་བཅོས་མངོན་རྟོགས་རྒྱན་རྩ་བ། སྐབས་བཞི་པ། ལྔ་པ།   དྲུག་པ། བདུན་པ། བརྒྱད་པ།

རྗེ་བཙུན་བྱམས་པ་མགོན་པོ།

འགྲེལ་བ་དོན་གསལ། སྐབས་བཞི་པ། ལྔ་པ།   དྲུག་པ། བདུན་པ། བརྒྱད་པ།

སློབ་དཔོན་སེང་གེ་བཟང་པོ།

རྣམ་བཤད་སྙིང་པོ་རྒྱན། སྐབས་བཞི་པ། ལྔ་པ།   དྲུག་པ། བདུན་པ། བརྒྱད་པའི་འགྲེལ་པ།

རྒྱལ་ཚབ་དར་མ་རིན་ཆེན།

ལེགས་བཤད་གསེར་ཕྲེང། སྐབས་བཞི་པ། ལྔ་པ།   དྲུག་པ། བདུན་པ། བརྒྱད་པའི་འགྲེལ་པ།

རྗེ་ཙོང་ཁ་པ་ཆེན་པོ།

རྣལ་འགྲེལ་ལེའུ་དང་པོ་སྨད་ཆ་རྩ་འགྲེལ།

པཎ་ཌི་ཏ་ཆེན་པོ་དཔལ་ཆོས་ཀྱི་གྲགས་པ།

རྣམ་འགྲེལ་ཐར་ལམ་གསལ་བྱེད་ལེའུ་དང་པོའི་སྨད་ཆ།

རྒྱལ་ཚབ་དར་མ་རིན་ཆེན།

རྟགས་འཇུག

 

 

དབུ་མ་ལོ་རིམ་དང་པོའི་སློབ་ཚན།

 

ཨང།

གཞུང།

མཛད་པ་པོ།

དབུ་མ་འཇུག་པའི་སྟོད་ཆ་རྩ་བ་དང་འགྲེལ་པ།

དཔལ་ལྡན་ཟླ་བ་གྲགས་པ།

དབུ་མ་དགོངས་པ་རབ་གསལ་སྟོད་ཆ།

རྗེ་ཙོང་ཁ་པ་ཆེན་པོ།

ཚད་མ་རྣམ་འགྲེལ་ལེའུ་གཉིས་པའི་སྟོད་ཆ་རྩ་བ་དང་འགྲེལ་པ།

པཎ་ཌི་ཏ་དཔལ་ལྡན་ཆོས་ཀྱི་གྲགས་པ།

རྣམ་འགྲེལ་ཐར་ལམ་གསལ་བྱེད་ལེའུ་གཉིས་པའི་སྟོད་ཆ།

རྒྱལ་ཚབ་དར་མ་རིན་ཆེན།

རྗེའི་རྣམ་ཐར་དད་པའི་འཇུག་ངོགས།

རྒྱལ་ཚབ་དར་མ་རིན་ཆེན།

 

 

དབུ་མ་ལོ་རིམ་གཉིས་པའི་སློབ་ཚན།

 

ཨང།

གཞུང།

མཛད་པ་པོ།

དབུ་མ་འཇུག་པའི་སྨད་ཆ་རྩ་བ་དང་འགྲེལ་པ།

དཔལ་ལྡན་ཟླ་བ་གྲགས་པ།

དབུ་མ་དགོངས་པ་རབ་གསལ་སྨད་ཆ།

རྗེ་ཙོང་ཁ་པ་ཆེན་པོ།

ཚད་མ་རྣམ་འགྲེལ་ལེའུ་གཉིས་པའི་སྨད་ཆ་རྩ་བ་དང་འགྲེལ་པ།

པཎ་ཌི་ཏ་དཔལ་ལྡན་ཆོས་ཀྱི་གྲགས་པ།

རྣམ་འགྲེལ་ཐར་ལམ་གསལ་བྱེད་ལེའུ་གཉིས་པའི་སྨད་ཆ།

རྒྱལ་ཚབ་དར་མ་རིན་ཆེན།

སྔགས་ཀྱི་ས་ལམ།

དབྱངས་ཅན་དགའ་བའི་བློ་གྲོས།