བལ་ཡུལ་འཇང་དགུན་ཆོས་ཀྱི་བྱུང་རིམ།

དེ་ཡང་ཁྱབ་ཁོངས་དགོན་པ་ཁག་གི་ནང་གཞུང་ཆེན་མཚན་ཉིད་ཀྱི་སློབ་འཁྲིད་ཡོད་པ་འདི་ཉིད་ལོ་རེ་ནས་ལོ་རེ་ཡར་རྒྱས་ཡོང་ཐབས་ལ་མེད་དུ་མི་རུང་བའི་ཐབས་ལམ་གྱི་གཙོ་བོ་ནི་ཚད་མའི་གཞུང་ལ་སྦྱང་པ་བྱེད་རྒྱུའི་འཇང་དགུན་ཆོས་ཀྱི་ཆོས་ཐོག་ཆེན་མོའི་ལས་རིམ་འདི་ཉིད་ཡིན་པ་དང་། དེ་ཡང་སྒྲིག་གཞིའི་ནང་གཏན་འབེབས་བྱུང་བ་བཞིན། ཐོག་མར་འཇང་དགུན་ཆོས་ཀྱི་སྔོན་འགྲོ་ཚོད་ལྟའི་ཆེད་ཕྱི་ལོ་ ༢༠༠༩ ཟླ་ ༡༠ ཚེས་ ༢༧ ཉིན་ནས་ཉིན་བདུན་རིང་ཀོ་པཎ་འོག་མིན་བྱང་ཆུབ་ཆོས་གླིང་དགོན་དུ་ཁྱབ་ཁོངས་དགོན་པ་ཁག་གི་སློབ་གཉེར་བ་བསྡུས་ཏེ་གདན་སའི་འཇང་དགུན་ཆོས་ཀྱི་མཛད་རིམ་བཞིན་ཐོག་མར་རྩོད་ཟླ་དང། དེ་རྗེས་འཛིན་གྲྭ་དམ་བཅའ། དེ་རྗེས་དམ་བཅའ་ཆེན་མོ་རྩོད་པ་བཅས་ཉིན་བདུན་ཚོགས་པ་དང། དེ་བཞིན་དམ་བཅའ་ཆེན་མོའི་སྐབས་དགོན་པ་ཕན་ཚུན་རྩོད་པ་གཏུགས་བཤེར་བགྲོ་གླེང་རྩོད་པ་སོགས་གང་ལེགས་བྱུང་བར་བརྟེན་དཔེ་ཁྲིད་དགེ་རྒན་དང། ཤེས་ཡོན་འགན་འཛིན་ཚང་མར་ལོ་ལྟར་འཇང་དགུན་ཆོས་ཚོགས་ཐུབ་པའི་གདེང་སྤོབས་ཆེན་པོ་བྱུང། དེ་རྗེས་ལོ་ལྟར་འཇང་དགུན་ཆོས་འཚོགས་རྒྱུའི་ཆེད་བལ་ཡུལ་དགེ་ལྡན་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ཚོགས་ཡུལ་དགོན་པ་ཁག་རེས་མོས་ཀྱིས་འཇང་དགུན་ཆོས་ཀྱི་གྲ་སྒྲིག་ཞུ་རྒྱུའི་ལས་འཆར་ཞུས་པ་བཞིན། ཐོག་མ་འཇང་དགུན་ཆོས་ཐེངས་དང་པོ་རྟེན་འབྲེལ་མ་སྒྲིག་ལྷུན་གྲུབ་ཀྱི་མདོ་རྒྱུད་དུ་མའི་ལུང་གིས་ཟིན་པའི་གནས་མཆོག་ཁྱད་པར་ཅན། དཔལ་ན་ལནྡྲའི་མཁས་པའི་གཙུག་རྒྱན་དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་སློབ་དཔོན་དབྱིག་གཉེན་ལ་སོགས་པའི་སྐྱེས་ཆེན་དུ་མས་བྱིན་གྱིས་བརླབས་པའི་གནས་བྱིན་ཅན་འཕགས་པ་ཤིང་ཀུན་ཞེས་ཡོངས་སུ་གྲགས་པའི་གནས་རི་དེར་ཆགས་པའི་གྲུབ་དགོན་ཐུགས་རྗེ་ཆོས་གླིང་དུ་ཕྱི་ལོ་ ༢༠༡༠ ཟླ་བ་ ༩ ཚེས་ ༢༠ ཉིན་ནས་བཟུང་ཉིན་གྲངས་བཅོ་ལྔའི་རིང་ལེགས་པར་ཚོགས་ཐུབ་པ་བྱུང་བ་དང། དེ་རྗེས་ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༧ ཉིན་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་ཉེ་འཁྲིས་སུ་གནས་པའི་ཤྲཱི་ཆུ་བཟང་གྲྭ་ཚང་དུ་བལ་ཡུལ་འཇང་དགུན་ཆོས་ཐེངས་གཉིས་པ་དེ་ཉིན་གྲངས་བཅོ་ལྔའི་རིང་ལེགས་པར་ཚོགས་ཐུབ་པ་བྱུང།

ད་བར་ཚོགས་པའི་འཇང་དགུན་ཆོས་ཀྱི་གྲུབ་འབྲས་ལ་བརྟེན་ཁྱབ་ཁོངས་དགོན་པ་སོ་སོའི་སློབ་གཉེར་བ་རྣམས་ལ་ལོ་རེ་ནས་ལོ་རེ་བཞིན་གཞུང་ཆེན་རྩོད་པ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་ལེགས་པར་ཞུ་ཐུབ་པ་བྱུང་བ་མ་ཟད་སློབ་གཉེར་བ་སོ་སོ་ནས་ཀྱང་རྩོད་པ་ལ་སྤྲོ་བ་སྔར་ལས་ལྷག་པ་འཕེལ་ཏེ་གྲྭ་ཚང་སོ་སོའི་དགེ་བའི་བཤེས་གཉེན་རྣམས་ལས་དཔེ་འཁྲིད་གསན་སྦྱོང་བྱེད་རྒྱུའི་འདུན་པ་བརྟན་པོ་ཚུགས་ཐུབ་པ་བྱུང་ཡོད། འཇང་དགུན་ཆོས་སྐབས་ཁྱབ་ཁོངས་དགོན་པ་ཁག་གཅིག་པུ་མིན་པར། བོ་དོང་ཆོས་བརྒྱུད་སྤོ་རོང་དཔལ་མོ་ཆོས་སྡིངས་དགོན་པ་དང་། འབྲི་གུང་བཀའ་བརྒྱུད་རིན་ཆེན་ཚལ་དགོན་པ་བཅས་ནས་ཀྱང་སློབ་གཉེར་བ་མཉམ་ཞུགས་གནང་སྟེ་རྩོད་པ་འཕེལ་རྒྱས་འགྲོ་རྒྱུའི་གོ་སྐབས་ལེན་ཐུབ་པ་བྱུང་བ་དང། མ་འོངས་པར་ཡང་བལ་ཡུལ་ཁུལ་གྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཆོས་བརྒྱུད་ཁག་གི་སློབ་གཉེར་བ་འཛོམས་ཏེ་རིས་མེད་འཇང་དགུན་ཆོས་ལེགས་པར་ཚོགས་ཐུབ་པའི་རེ་བ་ཡང་ཞུ་བཞིན་ཡོད། ༼དོལ་རྒྱལ་དང་འབྲེལ་བ་ཡོད་རིགས་དེར་ཡོང་མི་ཆོག༽ དེ་བཞིན་ཁྱབ་ཁོངས་དགོན་པའི་བཙུན་དགོན་གཉིས་ཀྱི་སློབ་གཉེར་བ་རྣམས་ནས་ཀྱང་ད་བར་བཙུན་མའི་འཇང་དགུན་ཆོས་ལ་ལོ་ལྟར་ཕེབས་ཏེ་གཞུང་ཆེན་རྩོད་པ་འཕེལ་རྒྱས་འགྲོ་རྒྱུའི་འབད་བརྩོན་ཞུས་དང་ཞུ་བཞིན་ཡོད་པ་དང། དེའི་སྐབས་བཙུན་དགོན་གཉིས་ཀྱི་འཇང་དགུན་ཆོས་ལ་ཕེབས་མཁན་སློབ་གཉེར་བ་རྣམས་ལ་ལྷན་ཚོགས་ནས་མཐུན་འགྱུར་རྒྱབ་སྐྱོར་ཞུ་བཞིན་ཡོད།

བལ་ཡུལ་འཇང་དགུན་ཆོས་འདི་བཞིན་ལོ་ལྟར་བོད་ཟླ་ ༨ ཚེས་ ༡༡ ནས་འཚོག་རྒྱུའི་དུས་ཚོད་གཏན་འབེབས་བྱུང་བ་དང། འཇང་དགུན་ཆོས་སྐབས་ཀྱི་སློབ་ཚན། ཚད་མ་རྣམ་འགྲེལ་དང། རྣམ་འགྲེལ་ཐར་ལམ་གསལ་བྱེད་སོགས་རྣམ་འགྲེལ་གྱི་གཞུང་ཁག་ཡིན། དེ་བཞིན་འཛིན་གྲྭ་ཁག་ནི། ༡ བསྡུས་གྲྭ། ༢ བློ་རིག ༣ རྟགས་རིགས། ༤ ཚད་མ་རྣམ་འགྲེལ་ལེའུ་དང་པོའི་མཆོད་བརྗོད། ༥ ཕྱོགས་སྒྲ། ༦ འབྲས་རང་མ་དམིགས་པའི་རྟགས། ༧ རྟགས་གཞན་བཞི་པ། ༨ འབྲེལ་བ་དང་ལུང་འགལ། ༩ གཞན་སེལ། ༡༠ ཤིང་འཛིན་རྟོག་པ། ༡༡ རྣམ་འགྲེལ་ལེའུ་གཉིས་པའི་ལུགས་འབྱུང། རྣམ་འགྲེལ་ལེའུ་གཉིས་པའི་ལུགས་ལྡོག་བཅས་ཀྱི་འཛིན་གྲྭ་ཡོད།

འཇང་དགུན་ཆོས་ཀྱི་ཆོས་ཐོག་ཆེན་མོའི་སྐབས་ལྷན་ཚོགས་འདིའི་ཁོངས་སུ་གཏོགས་པའི་དགོན་པ་གྲྭ་ཚང་གི་སློབ་གཉེར་བ་རྣམས་དང་དཔེ་ཁྲིད་དགེ་རྒན། དགོན་པ་སོ་སོའི་སློབ་གཉེར་བར་ལྟ་རྟོག་བྱེད་མི་ཆོས་ཐོག་རྒན་པ་རེ་ངེས་པར་ཕེབས་དགོས་པ་ཡིན། སྤྱིར་འཇང་དགུན་ཆོས་གང་དུ་ཚོགས་ཀྱང་གྲྭ་ཚང་དེའི་ཆོས་ཁྲིམས་བདག་པོ་མཁན་པོ་དང་དགེ་བསྐོས་གཉིས་ཀྱི་གཟིགས་རྟོག་འོག་འགྲོ་དགོས། འཇང་དགུན་ཆོས་ཚོགས་སྐབས་ཉིན་ལྟར་ཞོགས་ཚོགས་ལ་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་གསུང་རྗེས་དྷི་སྐད་བཏང་ནས་རྩོད་ཟླ་དང། དེ་ནས་འཛིན་གྲྭ་དམ་བཅའ་འཚོག་རྒྱུ་དང་། དགོང་ཚོགས་རྩོད་པ་དང་དེའི་རྗེས་འཐོར་ཆོས་དམ་བཅའ་ཚོགས་ཀྱི་ཡོད།

འཇང་དགུན་ཆོས་ཚོགས་ཡུལ་དགོན་པ་ཁག་གི་མཚན་གཞུང་རིམ་པ་ནི།

༡ གྲུབ་ཐོབ་ཐུགས་རྗེ་ཆོས་གླིང་གྲྭ་ཚང། ༢ ཤྲཱི་ཆུ་བཟང་བསམ་གཏན་ཡང་རྩེ་གྲྭ་ཚང། ༣ སྒོ་སོག་ཕུན་ཚོགས་ཆོས་གླིང། ༤ ཀོ་པཎ་འོག་མིན་བྱང་ཆུབ་ཆོས་གླིང་གྲྭ་ཚང། ༥ དགའ་ལྡན་བྱམས་མགོན་གླིང་གྲྭ་ཚང། ༦ སྐྱིད་གྲོང་བཀྲ་ཤིས་བསམ་གཏན་གླིང་གྲྭ་ཚང། ༧ ཤེལ་དཀར་ཆོས་སྡེ་དགའ་ལྡན་ལེགས་བཤད་གླིང་གྲྭ་ཚང། ༨ ཆུ་དབར་འགྲོ་ཕན་གླིང་གྲྭ་ཚང་བཅས་རིམ་པ་ལྟར་ཚོགས་ཀྱི་ཡོད།

འཇང་དགུན་ཆོས་ངོ་སྤྲོད།

༄༅། །འཇང་དགུན་ཆོས་ཀྱི་ཆོས་ཐོག་ཆེན་མོ་འདི་ནི་བོད་ཆོས་ལྡན་སཱ་ལའི་སྨན་ལྗོངས་སུ་གདན་ས་སེ་འབྲས་དགའ་གསུམ་གཙོས་རིས་མེད་བཤད་གྲྭ་ཁག་གི་སློབ་གཉེར་བ་རྣམས་འཛོམས་ཏེ་དགུན་ཁ་ཟླ་གཅིག་རིང་བོད་ཀྱི་རྒྱལ་ས་ལྷ་སའི་ལྷོ་ནུབ་རྒྱུད་ཀྱི་ས་ཕྱོགས་འཇང་ཞེས་པའི་ས་གནས་ཤིག་ཏུ་ཚད་མ་རིག་པའི་གཞུང་ལ་བརྒལ་བརྟག་སྒོ་ནས་དཔྱད་པ་བྱེད་པའི་ཆོས་ཐོག་གལ་ཆེན་ཞིག་ཡིན། དེ་ཡང་སྔོན་རྒྱ་གར་འཕགས་པའི་ཡུལ་དུ་སློབ་དཔོན་དབྱིག་གཉེན་གྱི་སློབ་མ་ཚད་མ་རང་ལས་མཁས་པ་སློབ་དཔོན་ཕྱོགས་ཀྱི་གླང་པོ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ཀྱིས་ཕྱི་རབས་གདུལ་བྱ་རྣམས་བློ་གྲོས་ཀྱི་མཐུ་དམན་པས་སྟོན་པས་གསུངས་པའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཇི་བཞིན་དུ་མི་ཤེས་པ་ལ་དགོངས་ནས། དེ་དག་གི་དགོངས་དོན་ཚད་མ་རིག་པའི་ལམ་ནས་གསལ་བར་མཛད་པའི་ཕྱིར་ཚད་མའི་བསྟན་བཅོས་ཐོར་བུ་མང་དུ་བརྩམས་པ་དེ་དག་ཕྱོགས་གཅིག་ཏུ་བྱ་བར་དགོངས་ཏེ་ཚད་མ་ཀུན་ལས་བཏུས་ཀྱི་མཆོད་བརྗོད། ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །སྟོན་པ་བདེ་གཤེགས་སྐྱོབ་ལ་ཕྱག་འཚལ་ཏེ། །ཞེས་སོགས་ཀྱི་ཚིགས་བཅད་རྡོ་ཐོད་ལེ་ཀོར་ལ་བྲིས་པ་ན་འཇིག་རྟེན་ཁམས་སུ་འོད་ཀྱི་སྣང་བ་ཆེན་པོ་བྱུང་ཞིང་ས་གཡོ་བ་དང། སྒྲ་ཆེན་པོ་གྲགས་པས་བྲམ་ཟེ་ནག་པོས་མངོན་ཤེས་ཀྱིས་གང་གི་མཐུ་ཡིན་སྙམ་དུ་བརྟགས་པས་སློབ་དཔོན་ཕྱོགས་གླང་གིས་ཚིགས་བཅད་བྲིས་པའི་མཐུ་ཡིན་པ་ཤེས་ནས་སློབ་དཔོན་བསོད་སྙོམས་ལ་གཤེགས་པའི་ཤུལ་དུ་རྫུ་འཕྲུལ་གྱིས་འོངས་ཏེ་ལན་གཉིས་བར་བསུབས། སློབ་དཔོན་གྱིས། ཀུ་རེ་དང་ཀྱལ་ཀའི་ཕྱིར་ཡིན་ན་མ་བསུབ། རྩོད་པར་འདོད་ན་གཟུགས་སྟོན་དང་རྩོད་པར་བགྱིའོ་ཞེས་མཆོད་བརྗོད་དང་མཉམ་དུ་བྲིས་པས་བསོད་སྙོམས་ལ་ཕེབས་པའི་ཤུལ་དུ་མུ་སྟེགས་པ་འོངས་ནས་ཡི་གེ་མཐོང་བས་རྩོད་འདོད་ནས་བསྡད། སློབ་དཔོན་གྱིས་ལན་གསུམ་གྱི་བར་དུ་ཕམ་པར་མཛད། སློབ་དཔོན་གྱིས་ད་ཁྱོད་བསྟན་པ་ལ་ཞུགས་ཤིག་གསུངས་པས་མུ་སྟེགས་ཐུབ་རྒྱལ་ནག་པོ་ཁོང་ཁྲོས་མྱོས་ནས་སྔགས་བཟླས་པའི་ཐལ་བ་སློབ་དཔོན་ལ་གཏོར་བས་སློབ་དཔོན་གྱི་ཡོ་བྱད་དང་ན་བཟའ་ཚིག་ཀྱང་སློབ་དཔོན་གྱིས་མི་ཚིག་པའི་རིག་སྔགས་བསྒོམས་པས་སྐུ་གཟུགས་ལ་སྐྱོན་མ་བྱུང་བས་ཐུགས་ཤིན་ཏུ་སྐྱོ་ནས་བདག་གིས་སེམས་ཅན་གཅིག་གི་དོན་ཡང་མ་ནུས་ན་སེམས་ཅན་ཐམས་ཅད་ཀྱི་དོན་ག་ལ་ནུས་སྙམ་ནས་ཐོད་ལེ་ཀོར་ནམ་མཁར་འཕངས། ནམ་ཞིག་ས་ལ་ལྷུང་བ་ན་སེམས་བསྐྱེད་བཏང་སྟེ་རང་ཉིད་གཅིག་པུ་ཐར་པར་བྱའོ་དགོངས་པས་ཐོད་ལེ་ཀོར་མ་ལྷུང་བས་སྤྱན་ནམ་མཁར་གཟིགས་པས་རྗེ་བཙུན་འཇམ་དབྱངས་ཀྱིས་ཐོད་ལེ་ཀོར་བསྣམས་ནས་བུ་མ་བྱེད་མ་བྱེད། སྐྱེ་བོ་ཐེག་པ་དམན་དང་འཕྲད་པ་ལས་བློ་གྲོས་ངན་པ་སྐྱེ་སྟེ། ཁྱོད་ཀྱི་བསྟན་བཅོས་འདི་ལ་མུ་སྟེགས་ཚོགས་ཀྱིས་གནོད་མི་ནུས་པར་ཤེས། ཁྱོད་ཀྱིས་སངས་རྒྱས་མ་ཐོབ་བར་དུ་དགེ་བའི་བཤེས་སུ་བདག་འགྱུར་གྱི། ཕྱི་མའི་དུས་ན་འགྲོ་བ་ཀུན་གྱི་མིག་གཅིག་ཏུ་ནི་འདི་འགྱུར་རོ། །ཞེས་གསུངས་པ་ལ་སློབ་དཔོན་གྱིས་ཀྱང་སྙིང་སྟོབས་ཆེར་བསྐྱེད་དེ་ཚད་མ་ཀུན་ལས་བཏུས་པ་རྫོགས་པར་བརྩམས་ནས་སྐྱེ་བོ་རྣམས་ལ་བློ་གྲོས་ཀྱི་མིག་བྱིན།

སྔར་གྱི་ཐོད་ལེ་ཀོར་དེ་བོད་ཀྱི་འཇང་ཞེས་པའི་ས་གནས་སུ་རྟེན་འབྲེལ་དང་བཅས་ལྷུང་བས་འཇང་ཞེས་པའི་གནས་ཁྱད་པར་ཅན་དེར་ཚད་མ་ཀུན་ལས་བཏུས་པའི་འགྲོ་དོན་རྒྱ་ཆེར་བྱུང་བ་དང་གནས་དེ་ནས་དར་བའི་འཇང་དགུན་ཆོས་ཀྱི་ཆོས་ཐོག་དེ་ཡང་ཚད་མའི་གཞུང་ལ་སྦྱང་བ་བྱེད་རྒྱུའི་བྱིན་རླབས་ཁྱད་པར་ཅན་གྱི་ཆོས་ཐོག་ཅིག་ཆགས་པ་དང་། དེ་དོན་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་གསུང་ལས། འཇམ་པའི་དབྱངས་ཀྱིས་ཕྱོགས་ཀྱི་གླང་པོ་ལ། །དངོས་སུ་འདི་རྩོམས་འདི་ནི་མ་འོངས་དུས། །འགྲོ་བ་ཀུན་གྱི་མིག་ཏུ་འགྱུར་རོ་ཞེས། །གསུང་གི་གནང་བ་སྩལ་བའང་ཚད་མར་བྱེད། །ཅེས་གསུངས་སོ།

ཆོས་ཐོག་འདི་ནི་ཆོས་ཐོག་གཞན་དང་མི་འདྲ་བར་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་དོན་གཏིང་ཟབ་ཤེས་པ་ལ་མེད་དུ་མི་རུང་བའི་ལྡེ་མིག་ལྟ་བུའི་སློབ་ཚན་ཚད་མ་རྣམ་འགྲེལ་དང་ཚད་མ་ཀུན་བཏུས་ཀྱི་གཞུང་དོན་ལ་སྦྱང་པ་བྱེད་རྒྱུའི་ཆོས་ཐོག་གལ་ཆེན་ཞིག་ཡིན། ཚད་མ་ཀུན་བཏུས་དང་ཚད་མ་རྣམ་འགྲེལ་གཉིས་ནི་མི་ལོ་ ༡༥༠༠ ལྷག་ཙམ་གོང་དཔལ་ན་ལེནྡྲ་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་པཎ་ཊི་ཏ་སློབ་དཔོན་ཕྱོགས་ཀྱི་གླང་པོ་དང་སློབ་དཔོན་ཆོས་ཀྱི་གྲགས་པ་གཉིས་ཀྱིས་མཛད་པའི་བསྟན་བཅོས་གལ་ཆེན་ཞིག་ཡིན། འདི་གཉིས་ལས་ཚད་མ་ཀུན་བཏུས་ལ་ལེའུ་དྲུག་དང་ཚད་མ་རྣམ་འགྲེལ་ལ་ལེའུ་བཞི་ཡོད། སློབ་ཚན་འདི་གཉིས་ལ་སྦྱངས་པ་བྱས་ན་ཐེག་པ་ཆེ་ཆུང་གཉིས་ཀའི་གསུང་རབ་ཀྱི་དོན་མཐའ་དག་ཤེས་ཐུབ་པའི་དགོས་པ་ཁྱད་པར་ཅན་ཡོད། འདིར་ང་ཚོའི་སློབ་སྦྱོང་སྦྱང་སྲོལ་ལ་འགྲེལ་བཤད་མདོར་བསྡུས་ཞུས་ན། མི་ལོ་བརྒྱད་བརྒྱའི་གོང་བོད་ཀྱི་མཁས་པ་ཆ་པ་ཆོས་ཀྱི་སེང་གེས་དར་སྤེལ་མཛད་པའི་བརྒལ་བརྟག་གི་ལམ་ནས་སྦྱང་བ་དང་། དགེ་འདུན་གཉིས་ལས་གཅིག་ཡར་ལངས་ཏེ་དྲི་བ་གཏོང་བ་དང་ཅིག་ཤོས་དེ་བསྡད་ནས་ལན་བརྒྱབ་ཀྱིན་ཡོད། དེར་རྩོད་ཟླ་བྱས་པ་ཟེར། འཛིན་གྲྭ་རེ་རེར་དགེ་འདུན་པ་ཇི་ཡོད་མཉམ་འཛོམས་ཐོག་དྲི་བ་དྲི་ལན་བྱས་པ་དེར་། འཛིན་གྲྭ་དམ་བཅའ་ཟེར། དགེ་འདུན་པ་ཚང་མ་མཉམ་འཛོམས་ཐོག་དྲི་བ་དྲི་ལན་བྱས་པ་དེར་དམ་བཅའ་ཆེན་མོ་ཞེས་བརྗོད། དེའི་སྐབས་སོ་སོས་དྲི་བ་དྲི་ལན་བྱེད་མ་ཐུབ་ཀྱང་རྗེས་སུ་ཡི་རང་དང་དད་པའི་ཐོག་གཞན་གྱི་དྲི་བ་དྲི་ལན་བྱས་པར་ཉན་ན་སོ་སོའི་ཤེས་རབ་འཕེལ་བ་དང་གཞུང་ཆེན་མོར་བག་ཆགས་འཇོག་པ་སོགས་ཀྱི་དགོས་པ་ཆེན་པོ་ཡོད། དྲི་བ་དྲི་ལན་སྐབས་རྐང་པ་དང་ལག་པ་བརྡབ་པའི་དགོས་དོན་ནི། ལག་གཡས་པས་ལག་པ་གཡོན་པ་ལ་བརྡབ་པ་དེས་ལག་པ་གཡས་པ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་རལ་གྲི་འཕྱར་བ་ལྟ་བུའི་ཤེས་རབ་ཀྱི་མཚོན་དོན་དང། ལག་པ་གཡོན་པའི་ནང་རང་རང་སོ་སོའི་མི་ཤེས་པའི་རྨོངས་པའི་མཚོན་དོན་དང་། དེ་ལྟ་བུའི་ལག་པ་གཡོན་པའི་ནང་དུ་ཡོད་པའི་མི་ཤེས་པའི་རྨོངས་པ་དེ་ལག་པ་གཡས་པའི་ཤེས་རབ་ཀྱི་རལ་གྲིས་མེད་པ་བཟོས་པའི་མཚོན་བྱེད་དུ་དྲི་བ་བྱེད་པ་མཉམ་དུ་ལག་པ་བརྡབ་པ་ཡིན། དེ་འདྲའི་མི་ཤེས་པའི་རྨོངས་པ་ནམ་ཡང་མི་ཡོང་བའི་མཚོན་བྱེད་དུ་རྐང་པ་སར་བརྡེབ་པ་ཡིན། འདི་ལྟ་བུའི་དྲི་བ་བྱས་ན་སོ་སོའི་རྒྱུད་ལ་མི་ཤེས་པའི་རྨོངས་པ་ཉུང་དུ་འགྲོ་བའི་རྟེན་འབྲེལ་ཁྱད་པར་ཅན་ཡོད་པ་མ་ཟད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཀྱང་ཚད་མ་རིགས་པའི་ལམ་ནས་སློབ་གཉེར་བྱེད་རྒྱུའི་འཇང་དགུན་ཆོས་ཐོག་འདི་བཞིན་ཚོགས་དགོས་པ་བཀའ་སློབ་གལ་ཆེན་ཕེབས་པ་ལྟར་འདི་ག་བལ་ཡུལ་འཇང་དགུན་ཆོས་འདི་བཞིན་གོ་སྒྲིག་བཞུས་པ་ལགས་སོ།།