Oct 1, 2013

བལ་ཡུལ་འཇང་དགུན་ཆོས་ཐེངས་བཞི་པ་ལེགས་གྲུབ་བྱུང་བ།


དེ་ཡང་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་དགོངས་བཞེད་ལྟར་དགོན་པ་གྲྭ་ཚང་ཁག་གི་ནང་གཞུང་ཆེན་ཁག་གི་ནང་དོན་ཤེས་རྟོགས་ཡོང་སླད་མཚན་ཉིད་རིགས་པའི་ལམ་ནས་སྦྱང་པ་བྱེད་དགོས་པ་གལ་ཆེན་ཡིན་པ་ལྟར་འདི་ག་བལ་ཡུལ་ཁུལ་དུ་ཡང་བལ་ཡུལ་དགེ་ལྡན་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ལོ་ལྟར་འཇང་དགུན་ཆོས་ཀྱི་ཆོས་ཐོགས་ཆེན་མོ་འདི་བཞིན་ཚོགས་དང་འཚོགས་བཞིན་པ་ཡིན། འདི་ལོ་ཡང་འཇང་དགུན་ཆོས་ཀྱི་ཆོས་ཐོགས་ཆེན་མོ་ཐེངས་བཞི་པ་འདི་ཉིད་ཕྱི་ལོ་༢༠༡༣ བོད་ཟླ་ ༨ སྔ་མའི་ཚེས་ ༡༡ ནས་བདུན་ཕྲག་གཉིས་རིང་གནས་མཆོག་བྱ་རུང་ཁ་ཤོར་གྱི་བྱང་ཤར་མཚམས་སུ་གནས་པའི་ཀོ་པཎ་འོག་མིན་བྱང་ཆུབ་ཆོས་གླིང་གྲྭ་ཚང་དུ་དགེ་ལྡན་བསྟན་པའི་གསལ་བྱེད་༸སྐྱབས་རྗེ་ཐུབ་བསྟན་བཟོད་པ་རིན་པོ་ཆེ་མཆོག་དང་ཀོ་པཎ་མཁན་རིན་པོ་ཆེ་མཆོག་དང་ཕྱག་མཛོད་ཀྱི་གཙོས་ལས་བྱེད་ཡོངས་ཀྱི་མཐུན་འགྱུར་རོགས་རམ་ལ་བརྟེན་ནས་གྲ་སྒྲིག་ཟབ་རྒྱས་ངང་ཚོགས་ཐུབ་པ་བྱུང་ཡོད།

དེ་ཡང་ཉིན་དང་པོའི་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་འཇམ་མགོན་༸རྒྱལ་བའི་གདུབ་འཚོབ་དགའ་ལྡན་ཁྲི་རིན་པོ་ཆེ་རི་རྫོང་སྲས་སྤྲུལ་རྗེ་བཙུན་ཐུབ་བསྟན་ཉི་མ་ལུང་རྟོགས་བསྟན་འཛིན་ནོར་བུ་དཔལ་བཟང་པོ་མཆོག་ཆིབས་བསྒྱུར་བཀའ་དྲིན་སྐྱངས། དེ་བཞིན་དམིགས་བསལ་སྐུ་མགྲོན་དུ་དཔལ་ལྡན་རང་གཞུང་སྐུ་ཚབ་དོན་གཅོད་སྐུ་ངོ་རྟ་མགྲིན་རྡོ་རྗེ་མཆོག་དང་ལུམྦི་ནི་ཡར་རྒྱས་ལྷན་ཚོགས་ཀྱི་ཚོགས་གཞོན་དང་བལ་ཡུལ་ནང་པའི་ཚོགས་ཆེན་གྱི་དྲུང་ཆེ་ཨཱཅཱརྱ་ཀརྨ་བཟང་པོ་མཆོག ལྷན་ཚོགས་ཀྱི་སློབ་སྟོན་པ་སྐྱབས་རྗེ་ཤྲཱི་ཆུ་བཟང་རིན་པོ་ཆེ་ལ་སོགས་པའི་ཁྱབ་ཁོངས་དགོན་པ་ཁག་གི་མཁན་རིན་པོ་ཆེ་དང་འགན་འཛིན་ཕྱག་མཛོད་རྣམ་པ་དང། དགེ་བསྐོས། ཤེས་ཡོན་འགན་འཛིན། དཔེ་ཁྲིད་རྒན་ལགས་རྣམ་པ། རིས་མེད་ཆོས་བརྒྱུད་ཁག་གི་སྐུ་ཚབ་རྣམ་པ། སློབ་གྲྭ་ཁག་གི་སློབ་སྤྱི་རྣམ་པ། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་གཙོ་དང་འཐུས་མི་རྣམ་པ་དང་། འབྲེལ་ཡོད་བསྟན་པའི་སྦྱིན་བདག་ཁག་དང་འཇང་དགུན་ཆོས་ཀྱི་སློབ་གཉེར་བ་བཅས་ཚོགས་ཞུགས་པ་གྲངས་བརྒྱད་བརྒྱ་ལྷག་ལྷན་འཛོམས་ཐོག་ཐོག་མར་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེ་དང་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་མཆོག་མཆོད་སྤྲིན་སྤོས་སྣེ་སྔོན་བསུས་ཏེ་བཞུགས་ཁྲིར་བཞུགས་སུ་གསོལ་བ་དང། དཔལ་འོག་མིན་བྱང་ཆུབ་ཆོས་གླིང་གྲྭ་ཚང་གི་དབུ་མཛད་ཆེན་མོ་མཆོག་ནས་ཡན་ལག་བདུན་པ་མནྜལ་བཅས་དབུ་སྐུལ་གནང་བ་དང་སྦྲགས། དགེ་ལྡན་ལྷན་ཚོགས་ཀྱི་ཚོགས་གཞོན་དགེ་བཤེས་རྒྱལ་བསྟན་ཀུན་ཁྱབ་ནས་རྒྱལ་བའི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེ་དང་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་ལ་མནྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས་སྐུ་མགྲོན་དང་འདུས་མང་ཡོངས་ལ་གསོལ་ཇ་འབྲས་བསིལ་ཕུལ། ལྷན་ཚོགས་ཀྱི་དྲུང་ཆེ་ཨཱཅཱརྱ་ངག་དབང་མཐར་ཕྱིན་མཆོག་ནས་མཛད་རིམ་སྒྲོག་སྦྱང་གནང་། དེ་རྗེས་ལྷན་ཚོགས་ཀྱི་ཚོགས་གཞོན་མཆོག་ནས་དགེ་ལྡན་ལྷན་ཚོགས་དང་འཇང་དགུན་ཆོས་སོགས་ལྷན་ཚོགས་ཀྱི་བྱེད་སྒོ་ཁག་གི་བྱུང་རིམ་དང་དམིགས་ཡུལ་སོགས་ངོ་སྤྲོད་གནང་། དེ་ནས་དམིགས་བསལ་སྐུ་མགྲོན་བལ་ཡུལ་ནང་པའི་ཚོགས་ཆེན་གྱི་དྲུང་ཆེ་དང་ལུམྦི་ནིཡར་རྒྱས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨཱཅཱཡཱ་ཀརྨ་བཟང་པོ་མཆོག་ནས་གསུང་བཤད་གནང་། དེ་རྗེས་སྐུ་མགྲོན་གཙོ་བོ་ཞྭ་སེར་བསྟན་པའི་སྲོག་ཤིང་འཇམ་མགོན་རྒྱལ་བའི་གདུང་འཚོབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་ནས་ཆོས་བརྒྱུད་ཕན་ཚུན་མཐུན་འབྲེལ་དགོས་སྐོར་དང་། ཚད་མ་རིགས་པའི་ཐོག་ལ་སློབ་གཉེར་གནང་དགོས་པ་གལ་ཆེན་ཡིན་པའི་བཀའ་སློབ་ཟབ་རྒྱས་བསྩལ། དེ་རྗེས་ཤྲཱི་ཆུ་བཟང་རིན་པོ་ཆེ་མཆོག་ནས་མཛད་སྒོ་མཇུག་བསྡོམས་གསུང་བཤད་གནང་། འདུས་མང་ཡོངས་ལ་ཉིན་གུང་གསོལ་ཚིགས་ཟབ་རྒྱས་ཕུལ་ནས་མཛད་སྒོ་མཇུག་སྒྲིལ་གནང་། དེ་བཞིན་བདུན་ཕྲག་གཉིས་རིང་སློབ་གཉེར་ཡོངས་ནས་རྩོད་པ་དང་འཛིན་གྲྭ་རྩོད་པ། དམ་བཅའ་ཆེན་མོ་བཅས་ཉིན་ལྟར་རྩོད་པ་ལ་འབད་བརྩོན་ལྷོད་མེད་ངང་དྭོགས་དཔྱོད་ཀྱི་རྩོད་པ་ལྷུག་པོར་གནང་བ་དང་། དམ་བཅའ་ཆེན་མོའི་སྐབས་གྲྭ་ཚང་ཕན་ཚུན་རྩོད་པ་གཏུག་བཤེར་ནན་པོའི་ངང་སློབ་གཉེར་བ་རྣམས་མཚན་ཉིད་ཀྱི་རྩོད་པ་ལ་སྤྲོ་བ་དང་འབད་བརྩོན་སྔར་ལས་ལྷག་པར་འཕེལ་བའི་ཐབས་ལམ་ཞུ་ཐུབ་པ་བྱུང་། ཆོས་ཐོག་འདིའི་སྐབས་དཔེ་ཁྲིད་དགེ་རྒན་བཅོ་བརྒྱད་དང་ཆོས་ཐོག་རྒན་པ་བཅུ། དཔལ་འོག་མིན་བྱང་ཆུབ་ཆོས་གླིང་དགོན་པའི་དགེ་བསྐོས་བཅས་ནས་རྩོད་པར་གཟིགས་རྟོག་ནན་པོ་གནང་བ་སོགས་འཇང་དགུན་ཆོས་ཐེངས་བཞི་པ་འདི་ཉིད་སྒྲིག་འཛུགས་དང་ལྡན་པའི་ངང་ཚོགས་ཐུབ་པ་བྱུང་བ་དང་། ཉིན་མཐའ་མར་མཇུག་བསྡོམས་མཛད་སྒོའི་ཐོག་དབུ་བཞུགས་གཙོ་བོ་གཞུང་དགོན་བསམ་གཏན་གླིང་དགོན་པའི་མཁན་རིན་པོ་ཆེ་མཆོག་ནས་བཀའ་སློབ་ལམ་སྟོན་གནང་བ་དང་། དཔལ་འོག་མིན་བྱང་ཆུབ་ཆོས་གླིང་གི་ཕྱག་མཛོད་དགེ་བཤེས་བྱང་ཆུབ་མཆོག་ནས་ཀྱང་འཇང་དགུན་ཆོས་ཀྱི་རྩིས་ཁྲ་ཁམས་དྭངས་སྙན་སྒྲོན་ཞུས། མཐོ་གཅོད་དམ་བཅའ་ཆེན་མོའི་དམ་བཅའ་བ་གྲངས་ཉེར་བརྒྱད་དང་མཚན་ཕུད་དམ་བཅའ་བ་གསུམ་བཅས་ལ་གཟེངས་བསྟོད་ལེགས་འབུལ་གནང་། དེ་རྗེས་རིས་མེད་བསྟན་པ་རྒྱས་པའི་སྨོན་ལམ་དང་བཀྲ་ཤིས་ཚིགས་བཅད་གསུངས་ནས་བལ་ཡུལ་འཇང་དགུན་ཆོས་ཆོས་ཐོག་ཆེན་མོ་ཐེངས་བཞི་པ་ལེགས་པར་མཇུག་སྒྲིལ་ཞུས།

དེ་ཡང་འཇང་དགུན་ཆོས་སློབ་གཉེར་ལ་ཕེབས་མཁན་ནི། གཞུང་དགོན་བསམ་གཏན་གླིང་གྲྭ་ཚང་ནས་སློབ་གཉེར་གྲངས་ ༤༦། ཀོ་པཎ་འོག་མིན་བྱང་ཆུབ་ཆོས་གླིང་གྲྭ་ཚང་ནས་སློབ་གཉེར་གྲངས་ ༡༣༥། ཤེལ་དཀར་ཆོས་སྡེ་དགེ་ལྡན་ལེགས་བཤད་གླིང་གྲྭ་ཚང་ནས་སློབ་གཉེར་བ་གྲངས་ ༤༨། ཤྲཱི་ཆུ་བཟང་བསམ་གཏན་ཡང་རྩེ་གྲྭ་ཚང་ནས་སློབ་གཉེར་བ་གྲངས་ ༤༥། ཆུ་དབར་འགྲོ་ཕན་གླིང་གྲྭ་ཚང་ནས་སློབ་གཉེར་བ་གྲངས་ ༢༠། སྒོ་སོག་ཕུན་ཚོགས་ཆོས་གླིང་གྲྭ་ཚང་ནས་སློབ་གཉེར་བ་གྲངས་ ༤༩། གྲུབ་དགོན་ཐུགས་རྗེ་ཆོས་གླིང་གྲྭ་ཚང་ནས་སློབ་གཉེར་བ་གྲངས་ ༢༢། དགའ་ལྡན་བྱམས་མགོན་གླིང་གྲྭ་ཚང་ནས་སློབ་གཉེར་བ་གྲངས་ ༡༥། བོ་དོང་ཆོས་བརྒྱུད་སྤོ་རོང་དཔལ་མོ་ཆོས་སྡིངས་གྲྭ་ཚང་ནས་སློབ་གཉེར་བ་གྲངས་ ༡༨། འབྲི་གུང་བཀའ་བརྒྱུད་རིན་ཆེན་གླིང་ནས་སློབ་གཉེར་བ་གྲངས་ ༣༥། བཅས་ཁྱོན་བསྡོམས་སློབ་གཉེར་བ་གྲངས་ ༤༣༣ ལྷག་མཉམ་འཛོམས་ཐུབ་པ་བྱུང།

སྤྱིར་བལ་ཡུལ་དགེ་ལྡན་ལྷན་ཚོགས་ནས་རང་ཁོངས་དགོན་པ་ཁག་གི་ནང་གཞུང་ཆེན་སློབ་གཉེར་ཡར་རྒྱས་སྲ་བརྟན་ཡོང་སླད་ལོ་ལྟར་གཞུང་ཆེན་བཀའ་པོད་ལྔའི་རབ་འབྱམས་པའི་རྒྱུགས་སྤྲོད་ཆེན་མོ་གོ་སྒྲིག་ཞུ་བཞིན་ཡོད་པ་དང་དེ་བཞིན་སློབ་མ་རྩེ་ཕུད་རྣམས་དང་རྒྱུགས་སྤྲོད་ཐོན་པ་རྣམས་ལ་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དབུས་སུ་ལེགས་འབུལ་བྱ་དགའ་དང་ཕྱག་འཁྱེར་འབུལ་བ། དེ་བཞིན་མི་མང་ལ་ནང་ཆོས་ངོ་སྤྲོད་ཀྱི་གྲ་སྒྲིག་དང་། འཇང་དགུན་ཆོས་ཀྱི་ཆོས་ཐོག་ཆེན་མོ་ལོ་ལྟར་གོ་སྒྲིག་ཞུ་བཞིན་ཡོད་པ་བཅས་སོ།།

བལ་ཡུལ་དགེ་ལྡན་ལྷན་ཚོགས་ནས་ཕྱི་ལོ་ ༢༠༡༣ བོད་ཟླ་ ༨ སྔ་མའི་ཚེས་ ༢༥ ཉིན།

www.gelugnepal.org Email-gelugnepal@yahoo.com gelugnepal@gmail.com