Apr 12, 2012

ལོ་འཁོར་ལས་བསྡོམས།


༡ ༄༅། །སྤྱི་ལོ་ ༢༠༡༡ བོད་རྒྱལ་ལོ་ ༢༡༣༨ བོད་ཟླ་ ༢ ཚེས་ ༡༢ ཉིན་བལ་ཡུལ་དགེ་ལྡན་ཚོགས་ཀྱི་ལོ་འཁོར་ལས་བསྡོམས་ཚོགས་ཆེན་ཐེངས་དང་པོ་མཆོད་འཇོར་ས་གནས་འགོ་འཛིན་ཚོགས་ཁང་དུ་ལེགས་པར་ཚོགས་པ་དང་། དེ་ཉིན་ཞོགས་པ་ཚོུད་ ༩ པའི་ཐོག་ལྷན་ཚོགས་ཀྱི་སློབ་སྟོན་པའི་ཁོངས་སྐྱབས་རྗེ་སེར་སྐོང་རིན་པོ་ཆེ་མཆོག་དང་། གཞུང་དགོན་བསམ་གཏན་གླིང་མཁན་རིན་པོ་ཆེ་མཆོག བཙུན་དགོན་ཐུགས་རྗེ་ཆོས་གླིང་གི་མཁན་རིན་པོ་ཆེ་མཆོག བལ་ཡུལ་དགེ་ལྡན་སྨོན་ལམ་ཆེན་མོའི་ཚོགས་གཙོ་མཆོག་གིས་གཙོས་ཁྱབ་ཁོངས་དགོན་པ་ཁག་གི་སློབ་དཔོན། འགན་འཛིན། ཤེས་ཡོན་འགན་འཛིན། དགེ་བསྐོས། དཔེ་འཁྲིད་གནང་མཁན་གྱི་དགེ་བའི་བཤེས་གཉེན་རྣམ་པ། སློབ་གཉེར་བའི་འཐུས་མི་དང་ལྷན་ཚོགས་ཀྱི་རྒྱུན་ལས་ལྔ་བཅས་ཁྱོན་ཚོགས་བཞུགས་པ་མི་གྲངས་གྱ་བཅུ་ལྷག་ཚོགས་བཞུགས་གནང་ཡོད། ཐོག་མར་རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་ནས་ལས་བསྡོམས་དང་རྩིས་ཁྲ་ཁམས་དྭངས་སྙན་སྒྲོན་ཞུས། དེ་རྗེས་སློན་སྟོན་པ་རྣམས་ནས་བཀའ་སློབ་རིམ་པས་གནང་བ་དང་། ཚོགས་བཞུགས་འཐུས་མི་ཡོངས་ནས་འདས་པའི་ལས་དོན་ལ་བསྐྱར་ཞིབ་དང་མ་འོངས་ལས་དོན་གོང་འཕེལ་གཏོང་ཐབས་སོགས་ཀྱི་གྲོས་འཆར་ལྷུག་པོར་གནང་ནས་ཕྱི་དྲོ་ཆུ་ཚོད་བཞི་པ་ཙམ་ལ་ཚོགས་ཆེན་ལེགས་པར་འཇུག་བསྡོམས་ཞུས།

༢ ༄༅། །སྤྱི་ལོ་ ༢༠༡༡ བོད་རྒྱལ་ལོ་ ༢༡༣༨ བོད་ཟླ་ ༣ ཚེས་ ༡༥ ཉིན་བདག་ཅག་གི་སྟོན་པ་སྐུ་བལྟམས་པའི་གནས་ཁྱད་པར་ཅན་ལུམ་བི་ནི་ལ་བལ་ཡུལ་གཞུང་ནས་གོ་སྒྲིགས་གནང་བ་ལྟར་ ༼ གཽཏམ་བུདྷ་ཞི་བདེ་ ༽ གཟེངས་རྟགས་འབུལ་རྒྱུའི་མཛད་སྒོའི་ཐོག་ལྷན་ཚོགས་ལ་མགྲོན་ཤོག་འབྱོར་བ་ལྟར་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་མཉམ་བཞུགས་གནང་བ་དང་། དེ་ཉིན་བལ་ཡུལ་དགོན་པ་ལྟ་རྟོགས་དང་ཡར་རྒྱས་ཚོགས་པའི་གོ་སྒྲིག་འོག་བལ་ཡུལ་རྒྱལ་སར་བདག་ཅག་གི་སྟོན་པ་སྐུ་བལྟམས་པའི་མཛད་སྒོའི་ཐོག་ལྷན་ཚོགས་ཀྱི་སློབ་སྟོན་པ་ཤྲཱི་ཆུ་བཟང་རིན་པོ་ཆེ་མཆོག་དང་། ཚོགས་གཞོན། དྲུང་ཆེ། ཁྱབ་ཁོངས་དགོན་པ་ཁག་ནས་དགེ་བཙུན་ཞལ་གྲངས་ ༡༠༠ ལྷག་མཉམ་བཞུགས་བྱས་པ་དང་། གོང་གསལ་ལུམ་བི་ནིར་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བལ་ཡུལ་སྲིད་འཛིན་མཆོག་གཙོས་བལ་ཡུལ་གཞུང་གི་བློན་ཆེན་ཁག་དང་། སྤྱི་འཐུས། ཆོས་བརྒྱུད་འདྲ་མིན་གྱི་འཐུས་མི་སོགས་ཚོགས་བཞུགས་པ་ཆིག་སྟོང་རྒལ་བ་དང་། དེ་བཞིན་བལ་ཡུལ་རྒྱལ་སར་བདག་ཅག་གི་སྟོན་པ་སྐུ་བལྟམས་པའི་མཛད་སྒོའི་སྐུ་མགྲོན་གཙོ་བོ་བལ་ཡུལ་གཞུང་གི་སྤྱི་འཐུས་ཚོགས་གཙོ་མཆོག་གི་གཙོས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང། ཆོས་བརྒྱུད་ཁག་གི་འཐུས་མི་བཅས་ཚོགས་བཞུགས་པ་ཆིག་སྟོང་མཉམ་འཛོམས་བྱུང་བ་དང། དེའི་ཉིན་ཤྲཱི་ཆུ་བཟང་རིན་པོ་ཆེ་མཆོག་ནས་ལྷན་ཚོགས་ཀྱི་སྐུ་ཚབ་ཐོག་བཀའ་སློབ་གསུང་བཤད་བཀའ་དྲིན་བསྩལ་བ་སོགས་མཛད་སྒོ་ལེགས་པར་བསྒྲུབས།

༣ ༄༅། །སྤྱི་ལོ་ ༢༠༡༡ བོད་རྒྱལ་ལོ། ༢༡༣༨ བོད་ཟླ་ ༤ ཚེས་ ༡༤ དང་ ༡༥ ཉིན་གཉིས་རིང་བལ་ཡུལ་ནང་པའི་ཚོགས་ཆེན་གྱི་ལོ་ལྟར་རིས་མེད་སྨོན་ལམ་ཆེན་མོ་ཚོགས་སྐབས་ཆོས་བརྒྱུད་ཁག་བཞིས་རེ་མོས་གོ་སྒྲིག་ཞུ་དགོས་པ་ལྟར་འདི་ལོ་བལ་ཡུལ་དགེ་ལྡན་ལྷན་ཚོགས་ནས་གོ་སྒྲིག་བཞུས་ཏེ་མཆོད་རྟེན་ཉེ་འགྲམ་བཅོ་བརྒྱད་ཁྲི་རིན་པོ་ཆེའི་དགོན་པར་ས་ག་ཟླ་བའི་ཉིན་གཉིས་ཀྱི་རིས་མེད་སྨོན་ལམ་ཆེན་མོ་འདི་བཞིན་ལས་དོན་ཚགས་ཚུད་བསྒྲུབས་པར་བལ་ཡུལ་ནང་པའི་ཚོགས་ཆེན་གྱི་ལས་བྱེད་ཡོངས་ནས་བསྔགས་བརྗོད་ལེགས་པར་ཐོབ།

༤ ༄༅། །སྤྱི་ལོ་ ༢༠༡༡ བོད་རྒྱལ་ལོ། ༢༡༣༨ བོད་ཟླ་ ༣ ཚེས་ ༣  ཉིན་ཁྱབ་ཁོངས་དགོན་ཁག་བཅུའི་འགན་འཛིན་ཡོངས་ཀྱི་དགོངས་པ་གཅིག་འགྱུར་རྒྱབ་སྐྱོར་ཐོག་དགེ་ལྡན་ལྷན་ཚོགས་ནས་ཞིང་གཤེགས་དམ་པ་ཀོ་པཎ་མཁན་ཟུར་རིན་པོ་ཆེ་དགེ་བཤེས་ལྷུན་གྲུབ་རིག་གསལ་མཆོག་གི་ཞབས་རིམ་གནད་སྨིན་བསྒྲུབས་པ་དང། དེ་ཡང་ཀོ་པཎ་འོག་མིན་བྱང་ཆུབ་ཆོས་གླིང་དགོན་དུ་ཁྱབ་ཁོངས་དགོན་པ་ཁག་བཅུའི་དགེ་འདུན་རྒན་པ་བཅོ་ལྔ་རེ་དང་ཀོ་པཎ་སྟེང་ཤོད་གཉིས་ཀྱི་དགེ་བཙུན་བཅས་དགེ་འདུན་ཞལ་གྲངས་ ༨༠༠ ལྷག་འདུ་འཛོམས་ཐོག་གནས་རྟེན་ཕྱག་མཆོད་དང་། སྨན་བླ་རྒྱས་པ། རྣམ་རྒྱལ་སྟོང་མཆོད་བཅས་ཞབས་རིམ་འབད་བསྒྲུབས་བཞུས། འོན་ཀྱང་གདུལ་བྱ་བསོད་ནམས་དམན་པ་དང་བསྟན་པའི་འགེགས་དབང་ཐོག་རེ་ཞིག་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་པས་བློ་ཕམ་གནས་སུ་འགྱུར།

༥ ༄༅། །སྤྱི་ལོ་ ༢༠༡༡ བོད་རྒྱལ་ལོ། ༢༡༣༨ བོད་ཟླ་ ༨ ཚེས་ ༡༡ ཉིན་དགེ་ལྡན་ལྷན་ཚོགས་དང་ཀོ་པཎ་སྟེང་ཤོད་དགོན་པ་གཉིས་ཐུན་མོང་ཐོག་མཆོད་རྟེན་བྱ་རུང་ཁ་ཤོར་མདུན་དུ་ཞིང་གཤེགས་དམ་པ་ཀོ་པཎ་མཁན་ཟུར་རིན་པོ་ཆེ་དགེ་བཤེས་ལྷུན་གྲུབ་རིག་གསལ་མཆོག་གི་འདས་མཆོད་མཆོད་འབུལ་གོ་བསྒྲིགས་བཞུས་པ་དང། དེ་ཉིན་ཀོ་པཎ་དགོན་པ་གཉིས་ཀྱི་གྲྭ་བཙུན་རྣམས་དང་འཇང་དགུན་ཆོས་ཀྱི་སློབ་གཉེར་བ་དང་དཔེ་འཁྲིད་དགེ་རྒན་བཅས་དགེ་འདུན་ཞལ་གྲངས་ཆིག་སྟོང་ལྷག་མཉམ་འཛོམས་ངང་མཆོད་འབུལ་རྒྱ་ཆེར་བཞུས་པ་དང། དེའི་སྐབས་ཞིང་གཤེགས་དམ་པ་སྔ་འགྱུར་རྙིང་མའི་དབུ་འཛིན་༧སྐྱབས་རྗེ་རྫ་རོང་འཁྲུལ་ཞིག་རིན་པོ་ཆེ་མཆོག་དང་བོད་བསྟན་སྲིད་ཆེད་རང་སྲོག་བློས་གཏོང་གནང་མཁན་བཅས་ཀྱི་ཆེད་དུ་ཡང་སྐྱབས་འཇུག་བསྔོ་སྨོན་བཞུས་པ་བཅས་ཀྱི་ལས་དོན་བསྒྲུབས།

༦ ༄༅། །སྤྱི་ལོ་ ༢༠༡༡ བོད་རྒྱལ་ལོ། ༢༡༣༨ བོད་ཟླ་ ༧ ཚེས་ ༢༥ ནས་ཉིན་གསུམ་རིང་བོད་གཞུང་ཆོས་རིག་ལྷན་ཁང་གི་གོ་སྒྲིག་གནང་སྟེ་རྡ་ས་བཞུགས་སྒར་དུ་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་བླ་ཆེན་ཚོགས་ཆེན་ཐེངས་བཅུ་གཅིག་པ་ཚོགས་པ་དེར་ཆོས་དོན་ནས་མགྲོན་བརྡ་འབྱོར་བ་ལྟར་དགེ་ལྡན་ལྷན་ཚོགས་ཀྱི་འཐུས་མི་ལྷན་ཚོགས་ཀྱི་དྲུང་ཆེ་མཉམ་བཞུགས་བྱེད་ཐུབ་པ་བྱུང་ཡོད། དེ་ཡང་ཉིན་གསུམ་གྱི་ཚོགས་ཆེན་ཐོག་དབུ་བཞུགས་གཙོ་བོ་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། དགའ་ལྡན་ཁྲི་རིན་པོ་ཆེ། ཤར་བྱང་གི་ཆོས་རྗེ་རྣམ་གཉིས། ཆོས་བརྒྱུད་ཁག་གི་བླ་ཆེན་དང་འཐུས་མི་བཅས་ཚོགས་བཞུགས་པ་ཞལ་གྲངས་གསུམ་བཅུ་ལྷག་མཉམ་བཞུགས་ཐོག དོན་མཚན་དགུ་ཐོག་གྲོས་འཆར་གནང་བ་མ་ཟད་དེའི་སྐབས་ལྷན་ཚོགས་ཀྱི་དྲུང་ཆེ་མཆོག་ནས་བལ་ཡུལ་དགེ་ལྡན་ལྷན་ཚོགས་ཀྱི་ལས་དོན་སྔ་ཕྱི་བར་གྱི་དོན་ཚན་རྣམས་སྙན་གསེང་ཞུ་ཐུབ་པ་བྱུང་བ་བཅས་ཀྱི་ལས་དོན་བསྒྲུབས།

༧ ༄༅། །སྤྱི་ལོ་ ༢༠༡༡ བོད་རྒྱལ་ལོ། ༢༡༣༨ བོད་ཟླ་ ༨ ཚེས་ ༡༡ ནས་ཉིན་གྲངས་བཅོ་ལྔ་རིང་བལ་ཡུལ་དགེ་ལྡན་ལྷན་ཚོགས་ཀྱི་གོ་སྒྲིག་ཐོག་ཤྲཱི་ཆུ་བཟང་གྲྭ་ཚང་དུ་བལ་ཡུལ་འཇང་དགུན་ཆོས་ཐེངས་གཉིས་པ་ཚོགས་པ་དང། དེ་ཡང་ཉིང་དང་པོའི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བལ་ཡུལ་བོད་མིའི་སྐུ་ཚབ་འབྲེལ་འཐུད་པ་འཕྲིན་ལས་བླ་མ་མཆོག་དང། སྐུ་ཚབ་དོན་གཅོད་ཟུར་པ་སྐུ་ངོ་འཕྲིན་ལས་རྒྱ་མཚོ་མཆོག ཤྲཱི་ཆུ་བཟང་རིན་པོ་ཆེ་མཆོག བལ་ཡུལ་དགེ་ལྡན་སྨོན་ལམ་ཆེན་མོའི་ཚོགས་གཙོ་རྒན་ཚུལ་ཁྲིམས་ལགས། བལ་ཡུལ་ནང་པའི་ཚོགས་ཆེན་གྱི་འཐུས་མི་ཚོགས་གཞོན་རྒན་འཇིགས་གྲོལ་ལགས་དང་དངུལ་གཉེར་ཨཅརྱ་ནོར་བུ་ཤར་པ་ལགས། ཆོས་བརྒྱུད་ཁག་གི་སྐུ་ཚབ། མཆོད་འཇོར་ས་གནས་འགོ་འཛིན། གཞུང་འབྲེལ་དང་གཞུལ་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ། རང་ཁོངས་དགོན་པ་ཁག་གི་འགན་འཛིན་དང་ཤེས་ཡོན་འགན་འཛིན། དཔེ་འཁྲིད་རྒན། སློབ་གཉེར་བ་བཅས་མཉམ་འཛོམས་ཐོག་བལ་ཡུལ་འཇང་དགུན་ཆོས་ཐེངས་གཉིས་པའི་དབུ་འབྱེད་མཛད་སྒོ་ལེགས་པར་ཚོགས་པ་དང་། ལོ་འདིའི་འཇང་དགུན་ཆོས་སྐབས་ཁྱབ་ཁོངས་དགོན་པ་ཁག་བརྒྱད་ཀྱི་སློབ་གཉེར་བ་རྣམས་དང། དེ་བཞིན་བོ་དོང་ཆོས་བརྒྱུད་སྤོ་རོང་དཔལ་མོ་ཆོས་སྡིངས་དགོན་གྱི་སློབ་གཉེར་བ། བཀའ་བརྒྱུད་ཆོས་བརྒྱུད་ནས་འབྲི་གུང་བཀའ་བརྒྱུད་རིན་ཆེན་ཚལ་གྱི་སློབ་གཉེར་བ་བཅས་སློབ་གཉེར་བ་གྲངས་གསུམ་བརྒྱ་ལྷག་མཉམ་འཛོམས་ཐོག་ཚད་མ་རྣམ་འགྲེལ་གྱི་རིགས་ལམ་ལ་སྦྱང་པ་བྱེད་རྒྱུའི་འཇང་དགུན་ཆོས་ཆོས་ཐོག་ཆེན་མོ་འདི་ཉིད་ལེགས་པར་ཚོགས་ཐུབ་པ་བྱུང་ཡོད། དེའི་སྐབས་དགོན་པ་ཁག་གི་དཔེ་འཁྲིད་རྒན་ལགས་རྣམ་པ་དང་ཆོས་ཐོག་རྒན་པ་རྣམས་ནས་སྒྲིག་ལམ་གཟིགས་རྟོགས་ནན་པོའི་ཐོག་སློབ་གཉེར་བ་རྣམས་ལ་རྩོད་པ་རྩོད་རོགས་སོགས་སློབ་བསྐྱེད་ལེགས་པར་ཕུལ་བ་དང། དེ་བཞིན་ཤྲཱི་ཆུ་བཟང་རིན་པོ་ཆེ་དང་རྒན་ཚུལ་ཁྲིམས་ལགས་གཙོས་ཤྲཱི་ཆུ་བཟང་གྲྭ་ཚང་གི་ལས་བྱེད་དགེ་འདུན་ཡོངས་ནས་སྦྱིན་བདག་ཁག་ལ་འབྲེལ་བ་ཞུ་རྒྱུ་དང་སློབ་གཉེར་བ་ཡོངས་ལ་གསོལ་ཇ་དང་བཞེས་ལག་འབུལ་རྒྱུ་སོགས་མཐུན་འགྱུར་རྒྱབ་སྐྱོར་རྒྱ་ཆེར་གནང་སྟེ་ལོ་འདིའི་འཇང་དགུན་ཆོས་ཧ་ཅང་ཟབ་རྒྱས་ངང་ཚོགས་ཐུབ་པ་བྱུང་བ་བཅས་ཀྱི་ལས་དོན་བསྒྲུབས།

༨ ༄༅། །སྤྱི་ལོ་ ༢༠༡༡ བོད་རྒྱལ་ལོ། ༢༡༣༨ བོད་ཟླ་ ༡༠ ཚེས་ ༡༦   ཉིན་ཀོ་པཎ་འོག་མིན་བྱང་ཆུབ་ཆོས་གླིང་དགོན་དུ་བལ་ཡུལ་དགེ་ལྡན་གཙུག་ལག་སློབ་གཉེར་ཁང་གི་ཐེངས་གཉིས་པའི་རབ་འབྱམས་པའི་རྒྱུགས་སྤྲོད་ཆེན་མོ་འདི་བཞིན་ལེགས་པར་ཚོགས་ཐུབ་བྱུང་བ་དང་། དེ་ཡང་ཉིན་དང་པོ་མཛད་སྒོའི་ཐོག་དགེ་ལྡན་བསྟན་པའི་སྲོག་ཤིང་༸སྐྱབས་རྗེ་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔའ་བཟང་པོ་མཆོག་དབུ་བཞུགས་ཐོག་ཁྱབ་ཁོངས་དགོན་པ་ཁག་གི་མཁན་བླ་རྣམ་པ་དང། དཔེ་འཁྲིད་རྒན་དགེ་བའི་བཤེས་གཉེན་རྣམ་པ། འགན་འཛིན་རྣམ་པ། ཕྱག་མཛོད་རྣམ་པ། ཤེས་ཡོན་འགན་འཛིན་རྣམ་པ། རྒྱུགས་སྤྲོད་པ་སློབ་མ་རྣམ་པ་བཅས་ལྷན་འཛོམས་ཐོག་མཛད་སྒོ་མདོར་བསྡུས་ཚོགས་པ་དང། མཛད་སྒོའི་ཐོག་༸སྐྱབས་རྗེ་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་མཆོག་ནས་བཀའ་སློབ་ཕེབས་གསལ། དགོན་པ་ཁག་གི་ནང་སློབ་གཉེར་སྲ་བརྟན་ཡར་རྒྱས་ཡོང་བ་ལ་འདི་ལྟ་བུའི་རབ་འབྱམས་པའི་རྒྱུགས་སྤྲོད་སོགས་ལ་རྟེན་གལ་ཆེན་པོ་ཡིན་པ་མ་ཟད་རྒྱུགས་སྤྲོད་ཆེན་མོ་འདི་བཞིན་ཚོགས་ཐུབ་པ་ལ་བསྔགས་བརྗོད་སོགས་ཟབ་རྒྱས་ཀྱི་བཀའ་སློབ་རྒྱ་ཆེར་བསྩལ་བ་དང། འདི་ལོ་རབ་འབྱམས་པའི་རྒྱུགས་སྤྲོད་སྐབས་ཕར་ཕྱིན་ལོ་རིམ་དང་པོར་སློབ་མ་གྲངས་གསུམ་དང། ཕར་ཕྱིན་ལོ་རིམ་གཉིས་པར་སློབ་མ་གྲངས་ལྔ། དབུ་མ་ལོ་རིམ་གཉིས་པར་སློབ་མ་གྲངས་གསུམ། མཛོད་རྒྱུགས་སྤྲོད་པ་སློབ་མ་གྲངས་བདུན། དེ་བཞིན་གཞུང་ཆེན་བློ་རྒྱུགས་ཕུལ་མཁན་ནང། དྲང་ངེས་ལེགས་བཤད་སྙིང་པོ་ཕུལ་མཁན་སློབ་མ་གྲངས་བཞི། འགྲེལ་བ་དོན་གསལ་ཕུལ་མཁན་སློབ་མ་གྲངས་བཞི། སྤྱོད་འཇུག་ཆེན་མོ་ཕུལ་མཁན་སློབ་མ་གྲངས་གཅིག རྩ་བ་གསུམ་ཕུལ་མཁན་སློབ་མ་གྲངས་དྲུག་བཅས་ཀྱི་རྒྱུགས་སྤྲོད་ལེགས་པར་ཕུལ་ཐུབ་པ་བྱུང་བ་སོགས་ལོ་འདིའི་རབ་འབྱམས་པའི་རྒྱུགས་སྤྲོད་ཆེན་མོ་གོ་སྒྲིག་ཞུ་རྒྱུའི་ལས་དོན་གྲུབ་ལེགས་པར་བསྒྲུབས།

༩ ༄༅། །སྤྱི་ལོ་ ༢༠༡༡ བོད་རྒྱལ་ལོ། ༢༡༣༨ བོད་ཟླ་ ༡༠ ཚེས་ ༡༧ ཉིན་དགེ་ལྡན་ལྷན་ཚོགས་ཀྱི་ནང་ཆོས་ངོ་སྤྲོད་ཀྱི་ལས་འཆར་ལྟར་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ཤེལ་དཀར་ཆོས་སྡེ་གྲྭ་ཚང་དུ་དགེ་ལྡན་བསྟན་པའི་སྲོག་ཤིང་༸སྐྱབས་རྗེ་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་མཆོག་ནས་མི་དམངས་ལ་ནང་ཆོས་ངོ་སྤྲོད་དང་སྒྲོལ་དཀར་ཚེ་དབང་འབུལ་ཐུབ་པ་བྱུང་བ་དང། དེ་ཡང་བོད་དང་རྒྱ་གར་ནས་ཕེབས་པའི་གནས་སྐོར་བ། ས་གནས་ཧི་མ་ལ་ཡའི་མི་དམངས་དང་བོད་རིགས་བཅས་ཆོས་ཞུ་བ་ཆིག་སྟོང་རྒལ་བ་ལ་༸སྐྱབས་རྗེ་རིན་པོ་ཆེ་མཆོག་ནས་ནང་ཆོས་ངོ་སྤྲོད་ཀྱི་བྱིན་རླབས་སྐལ་བཟང་གི་གོ་སྐབས་ལེགས་པར་བསྒྲུབས་པ་དང། དེའི་ཉིན་ས་གནས་ཡུལ་སྐད་ཐོག་གསུང་བསྒྱུར་ཀྱང་གོ་བསྒྲིགས་ལེགས་པར་ཞུས་པ་སོགས་ལོ་འདིའི་ནང་ཆོས་ངོ་སྤྲོད་ཀྱི་ལས་རིམ་བསྒྲུབས།

༡༠ ༄༅། །སྤྱི་ལོ་ ༢༠༡༢ བོད་རྒྱལ་ལོ། ༢༡༣༩ བོད་ཟླ་ ༡ ཚེས་ ༡༡ ཉིན་ཐེངས་གཉིས་པའི་རབ་འབྱམས་པའི་རྒྱུགས་སྤྲོད་བསླབ་པ་ཐར་སོན་དང་ཐེངས་གསུམ་པའི་སློབ་མ་རྩེ་ཕུད་ཀྱི་བྱ་དགའ་འབུལ་རྒྱུའི་མཛད་སྒོ་བཅས་ལེགས་པར་གོ་སྒྲིག་བཞུས། དེ་ཡང་ཀོ་པཎ་དགོན་དུ་ཆོ་འཕྲུལ་

སྨོན་ལམ་ཆེན་མོའི་དུས་ཆེན་ཁྱད་པར་ཅན་དང་སྟབས་སྟུན་གྱི་ཞྭ་སེར་བསྟན་པའི་སྲོག་ཤིང་༸སྐྱབས་རྗེ་བྱང་རྩེ་ཆོས་རྗེ་ཆོས་རྗེ་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་དབུ་བཞུགས་ཐོག ༸སྐྱབས་རྗེ་བཟོད་པ་རིན་པོ་ཆེས་གཙོས་ཁྱབ་ཁོངས་དགོན་སྡེ་ཁག་གི་མཁན་བླ་རྣམ་པ། འགན་འཛིན་རྣམ་པ་དང་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དགེ་འདུན་འདུས་པ་རྒྱ་མཚོ་གདན་འཛོམས་པའི་དབུས་སུ་༸སྐྱབས་རྗེ་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་མཆོག་ནས་བཀའ་སློབ་བཀའ་དྲིན་བསྐྱངས་པ་མ་ཟད་རྒྱུགས་སྤྲོད་པ་སློབ་མ་རྣམས་ལ་རབ་འབྱམས་པའི་ཕྱག་འཁྱེར་དང། བློ་རྒྱུགས་ལེགས་ཐོན་ཕྱག་འཁྱེར། སློབ་མ་རྩེ་ཕུད་ཕྱག་འཁྱེར་བཅས་ལེགས་པར་གནང་བ་སོགས་ཐེངས་འདིའི་མཛད་སྒོ་ལེགས་པར་གོ་སྒྲིག་བཞུས་ཏེ་སློབ་གཉེར་བ་འདུས་དམངས་ཡོངས་ལ་སློབ་གཉེར་ལ་སྔར་ལས་ལྷག་པའི་འབད་བརྩོན་ཞུ་དགོས་པའི་སྐུལ་མ་ཞུ་ཐུབ་པ་བྱུང་བའི་ལས་དོན་བསྒྲུབས།

༡༡ སྤྱི་ལོ་ ༢༠༡༡ ནང་གོང་གི་ལས་དོན་རྣམས་དང་དེ་བཞིན་ཆོས་བརྒྱུད་ཆེན་པོ་གཞན་དང་དཔུང་པ་མཉམ་ཤིབ་ཐོག་བལ་ཡུལ་དགོན་པ་ཡར་རྒྱས་ཚོགས་པ་དང་བལ་ཡུལ་ནང་པའི་ཚོགས་ཆེན་ཀྱི་གཙོས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་འདུ་འདྲ་མིན་དང་། དེ་བཞིན་མཛད་སྒོ་འདྲ་མིན་བཅས་ལ་ཚོགས་བཅར་ཞུས་སྟེ་རི་བོ་དགེ་ལྡན་པའི་མཚན་སྙན་ལ་སྨན་པའི་ལས་དོན་བསྒྲུབས་པ་དང་། མདོར་ན་ལས་རྒྱུན་འདིིའི་རིང་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་བཞིན་ཁྱབ་ཁོངས་དགོན་པ་ཁག་གི་བསླབ་པ་སློབ་གཉེར་ཡར་རྒྱས་གོང་འཕེལ་ཡོངས་ཐབས་དང་ཆོས་ལུགས་ཕན་ཚུན་མཐུན་ལམ་ཡོང་ཐབས། རི་བོ་དགེ་ལྡན་པའི་མཚན་སྙན་རྒྱས་ཐབས་སོགས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཡར་རྒྱས་ལ་སྨན་པའི་རྒྱལ་བ་དགྱེས་པའི་མཆོད་སྤྲིན་གང་ཐུབ་ཞུ་ཐུབ་པ་བྱུང་། དེ་བཞིན་ལས་རྒྱུན་འདིའི་རིང་སློབ་སྟོན་པ་རྣམ་པ་དང་དཔེ་འཁྲིད་རྒན་ལགས་རྣམ་པ། ཤེས་ཡོན་འགན་འཛིན་རྣམ་པས་གཙོས་འབྲེལ་ཡོད་ལས་བྱེད་ཡོངས་ནས་ལྷན་ཚོགས་ཀྱི་ལས་དོན་གང་སྤྱིར་ཕྱ་གྲུ་མཉམ་འདེགས་ཀྱི་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་མ་འོངས་པར་ཡང་སྔར་ལས་ལྷག་པའི་རོགས་རམ་སྐྱབས་འཇུག་ཡོང་བའི་འབོད་སྐུལ་ཞུ་རྒྱུ་བཅས་ལས་བསྡོམས་ཕྱོགས་བསྒྲིགས་རེ་ཞིག་བསྒྲུབས་པ་ལགས་སོ།།

བལ་ཡུལ་དགེ་ལྡན་ལྷན་ཚོགས་ནས།

བོད་རྒྱལ་ལོ་ ༢༡༣༩ ལྕགས་ཡོས་ལོའི་བོད་ཟླ་ ༢ ཚེས་ ༡༦ ཉིན་ཕུལ།

སྤྱིར་ཐུབ་བསྟན་ཡུན་རིང་གནས་པ་དང། །སྒོས་ཞྭ་སེར་གཅོད་པན་འཆང་བའི་སྡེ། །

དཔལ་མཉམ་མེད་རི་བོ་དགེ་ལྡན་པ། །ཕྱོགས་ཀུན་ཏུ་དར་ཤིང་རྒྱས་གྱུར་ཅིག །

ཚོགས་གཙོ་དགེ་བཤེས་ངག་དབང་སྐལ་བཟང།་་་་་་་་་་་་་མཚན་རྟགས།……………… ཚོགས་གཞོན་དགེ་བཤེས་རྒྱལ་བསྟན་ཀུན་ཁྱབ།་་་་་་་་་་མཚནརྟགས།……………..

དྲུང་ཆེ་ཨཅརྱ་བསྟན་འཛིན།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་མཚན་རྟགས།………………. དངུལ་གཉེར་བཙུན་མ་ངག་དབང་བསྟན་སྒྲོལ།་་་་་་་་་་་་་་་་མཚན་རྟགས།…………….

རྩིས་པ་དགེ་སློང་ཐུབ་བསྟན་རིན་ཆེན།་་་་་་་་་་་་་་་་་་་་་་་་་མཚན་རྟགས།………………..