Nov 1, 2011

༄༅། །བལ་ཡུལ་དུ་འཇང་དགུན་ཆོས་ཐེངས་གཉིས་པ་ལེགས་སྒྲུབ་བྱུང་བ།


༄༅།།ཇི་སྐད་དུ།   འཇམ་པའི་དབྱངས་ཀྱིས་ཕྱོགས་ཀྱི་གླང་པོ་ལ།།དངོས་སུ་འདི་རྩོམས་འདི་ནི་མ་འོངས་དུས།།འགྲོ་བ་ཀུན་གྱི་མིག་ཏུ་འགྱུར་རོ་ཞེས།།གསུང་གི་སྣང་བ་སྩལ་བའང་ཚད་མར་བྱེད།།

ཅེས་གསུངས་པ་བཞིན་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་དགོངས་པ་འགྲེལ་བའི་གཞུང་ཆེན་རྣམས་ཀྱི་དགོངས་པ་རྟོགས་པ་ལ་མེད་དུ་མི་རུང་བའི་ལྡེ་མིག་ལྟ་བུ་ནི་ཚད་མའི་གཞུང་ལ་བརྒལ་བརྟག་བགྲོ་གླེང་གི་ལམ་ནས་སྦྱང་བ་བྱེད་དགོས་པ་གལ་ཆེ་ཡིན་པ་མ་ཟད། ལྷག་པར་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རབ་བྱུང་འདུས་སྡེ་ཙམ་མིན་པར་ནང་ཆོས་དོན་གཉེར་ཅན་སྐྱ་སེར་ཚང་མས་རིགས་ལམ་སྦྱང་དགོས་པའི་བཀའ་སློབ་ལམ་སྟོན་ཕེབས་པའི་དགོངས་དོན་ལྟར་འདི་གའི་ཁྱབ་ཁོངས་དགོན་པ་ཁག་གི་ནང་གཞུང་ཆེན་སློབ་གཉེར་སྲ་བརྟན་ཡོང་སླད་ལོ་ལྟར་བལ་ཡུལ་དགེ་ལྡན་ལྷན་ཚོགས་ནས་བལ་ཡུལ་འཇང་དགུན་ཆོས་གོ་སྒྲིག་ཞུ་ཡི་ཡོད་པ་ལྟར། འདི་ལོ་ཡང་བལ་ཡུལ་བོད་ཟླ་༨། ཚེས་༡༡། ནས་བདུན་ཕྲག་གཉིས་རིང་འཇང་དགུན་ཆོས་ཐེངས་གཉིས་པ་བལ་ཡུལ་མཆོད་རྟེན་ཉེ་འདབས་ཤྲཱི་ཆུ་བཟང་བསམ་གཏན་ཡང་རྩེ་གྲྭ་ཚང་དུ་གྲ་སྒྲིག་ཟབ་རྒྱས་ངང་ཚོགས་ཐུབ་པ་བྱུང་ཡོད། དེ་ཡང་སློབ་གཉེར་བ་ཕེབས་མཁན་ནི།  གཞུང་དགོན་སྐྱིད་གྲོང་བསམ་གཏན་གླིང་གྲྭ་ཚང་ནས་སློབ་གཉེར་བ་གྲངས། ༣༥། ཀོ་པཎ་འོག་མིན་བྱང་ཆུབ་ཆོས་གླིང་གྲྭ་ཚང་ནས་སློབ་གཉེར་བ་གྲངས། ༨༦། ཤེལ་དཀར་ཆོས་སྡེ་དགའ་ལྡན་ལེགས་བཤད་གླིང་གྲྭ་ཚང་ནས་སློབ་གཉེར་བ་གྲངས། ༥༠། ཤྲཱི་ཆུ་བཟང་བསམ་གཏན་ཡང་རྩེ་གྲྭ་ཚང་ནས་སློབ་གཉེར་བ་གྲངས། ༤༥། ཆུ་དབར་འགྲོ་ཕན་གླིང་གྲྭ་ཚང་ནས་སློབ་གཉེར་བ་གྲངས། ༢༢། གྲུབ་དགོན་ཐུགས་རྗེ་ཆོས་གླིང་གྲྭ་ཚང་ནས་སློབ་གཉེར་བ་གྲངས། ༢༥། དགའ་ལྡན་བྱམས་མགོན་གླིང་གྲྭ་ཚང་ནས་སློབ་གཉེར་བ་གྲངས། ༢༠། སྒོ་སོག་ཕུན་ཚོགས་ཆོས་གླིང་གྲྭ་ཚང་ནས་སློབ་གཉེར་བ་གྲངས། ༣༥། བོ་དོང་སྤོ་རོང་དཔལ་མོ་ཆོས་སྡིངས་ནས་སློབ་གཉེར་བ་གྲངས། ༢༥། འབྲི་གུང་བཀའ་བརྒྱུད་རིན་ཆེན་ཚལ་ནས་སློབ་གཉེར་བ་གྲངས། ༢༠། བཅས་སློབ་གཉེར་བ་གྲངས་༣༦༣། ལྷག་མཉམ་འཛོམས་ཐུབ་པ་བྱུང་བ་དང་།

དེ་ཡང་ཉིན་དང་པོའི་རྟེན་འབྲེལ་མཛད་སྒོའི་སྐབས་སྐུ་མགྲོན་གཙོ་བོ་དྭང་བླངས་བོད་མིའི་འབྲེལ་མཐུད་པ་སྐུ་ངོ་འཕྲིན་ལས་བླ་མ་མཆོག་དང་། དབུ་བཞུགས་གཙོ་བོ་ཆུ་བཟང་གྲྭ་ཚང་གི་བཀུར་འོས་ཤྲཱི་ཆུ་བཟང་རིན་པོ་ཆེ་མཆོག སྐུ་ཚབ་དོན་གཅོད་ཟུར་པ་སྐུ་ངོ་འཕྲིན་ལས་རྒྱ་མཚོ་མཆོག བལ་ཡུལ་ནང་པའི་ཚོགས་ཆེན་གྱི་ཚོགས་གཞོན་རྒན་འཇིགས་གྲོལ་མཆོག བལ་ཡུལ་ནང་པའི་ཚོགས་ཆེན་གྱི་དངུལ་གཉེར་ཨ་ཙརྱ་ནོར་བུ་ཤར་པ་མཆོག སྐྱིད་གྲོང་བསམ་གཏན་གླིང་དགོན་གྱི་མཁན་རིན་པོ་ཆེ་དགེ་བཤེས་བློ་བཟང་སྦྱིན་པ་མཆོག བལ་ཡུལ་དགེ་ལྡན་སྨོན་ལམ་ཚོགས་པའི་ཚོགས་གཙོ་རྒན་ཚུལ་ཁྲིམས་མཆོག གཞན་ཡང་བལ་ཡུལ་སྔ་འགྱུར་རྙིང་མའི་ཚོགས་གཙོ་མཆོག བཀའ་བརྒྱུད་ཆོས་བརྒྱུད་ཀྱིི་འཐུས་མི། ས་སྐྱ་ཆོས་བརྒྱུད་ཀྱི་འཐུས་མི། ས་གནས་འགོ་འཛིན་ཁག་གི་གཙོས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་འཐུས་མི་ཁག་དང་། རང་ཁོངས་དགོན་པ་གྲྭ་ཚང་གི་དཔེ་འཁྲིད་དགེ་རྒན་རྣམ་པ། དགེ་བསྐོས་རྣམ་པ། འགན་འཛིན་དང་སློབ་གཉེར་བ་འདུས་སྡེ་ཡོངས་དང་འབྲེལ་ཡོད་སྦྱིན་བདག་ཁག་བཅས་ཚོགས་ཞུགས་པ་གྲངས་ལྔ་བརྒྱ་ལྷག་འཛོམས་པའི་ཐོག་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་མཆོད་སྤྲིན་སྤོས་སྣེ་དང་བཅས་གདན་དྲངས་ཏེ་བཞུགས་ཁྲིར་བཞུགས་སུ་གསོལ་བ་དང་། ཤྲཱི་ཆུ་བཟང་གྲྭ་ཚང་གི་དབུ་མཛད་ནས་ཡན་ལག་བདུན་པ་མཎྜལ་བཅས་དབུ་སྐུལ་ཞུས་པ་དང་དགེ་ལྡན་ལྷན་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་ངག་དབང་སྐལ་བཟང་མཆོག་ནས་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས་སྐུ་མགྲོན་དང་འདུས་མང་ཡོངས་ལ་གསོལ་ཇ་འབྲས་བསིལ་འདེགས་འབུལ་ཞུས། དེ་རྗེས་དགེ་ལྡན་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་ནས་འཇང་དགུན་ཆོས་ཀྱི་ཆོས་ཐོག་ཆེན་མོ་ལོ་ལྟར་འཚོགས་དགོས་པའི་དམིགས་ཡུལ་དང་འཇང་དགུན་ཆོས་ཀྱི་བྱུང་རིམ་བཅས་ངོ་སྤྲོད་གནང་། དེ་རྗེས་བལ་ཡུལ་ནང་པའི་ཚོགས་ཆེན་གྱི་དངུལ་གཉེར་ཨ་ཙརྱ་ནོར་བུ་ཤར་པ་མཆོག་ནས་བཀའ་སློབ་ལམ་སྟོན་གནང་། དེ་རྗེས་སྐུ་མགྲོན་གཙོ་བོ་བལ་ཡུལ་དྭང་བླངས་བོད་མིའི་འབྲེལ་མཐུད་པ་སྐུ་ངོ་འཕྲིན་ལས་བླ་མ་མཆོག་ནས་བསྔགས་བརྗོད་ཀྱི་བཀའ་སློབ་གནང། དེ་རྗེས་མཛད་སྒོའི་དབུ་བཞུགས་གཙོ་བོ་བཀུར་འོས་ཤྲཱི་ཆུ་བཟང་རིན་པོ་ཆེ་མཆོག་ནས་འཇང་དགུན་ཆོས་དང་འབྲེལ་བའི་མཚན་ཉིད་ཡར་རྒྱས་དགོས་སྐོར་བཀའ་སློབ་ཟབ་རྒྱས་གནང་གྲུབ་མཚམས་སྐུ་མགྲོན་དང་དགེ་འདུན་འདུས་མང་ཡོངས་ལ་ཉིན་དགུང་གསོལ་ཚིགས་ཕུལ་ནས་མཛད་སྒོ་འཇུག་སྡོམ་ཞུས།

དེ་ནས་ཉིན་གྲངས་བཅུ་བཞིའི་རིང་སློབ་གཉེར་བ་ཡོངས་ནས་ཚད་མ་རྣམ་འགྲེལ་གྱི་གཞུང་ལ་རྩོད་པ་དང་འཛིན་གྲྭ་ཚོགས་སྐབས་དང་། དེ་བཞིན་དམ་བཅའ་ཆེན་མོ་བཅས་ལ་རིགས་ལམ་རྩོད་པ་ལྷུག་པོར་གནང་བ་མ་ཟད་དཔེ་འཁྲིད་དགེ་རྒན་དགེ་བཤེས་གྲངས་བཅུ་གཉིས་ནས་སྐུ་ངལ་འཛེམས་མེད་ཐོག་སློབ་གཉེར་བ་རྣམས་ཀྱི་རྩོད་པར་གཟིགས་རྟོག་ནན་པོ་དང་རྒྱབ་སྐྱོར་ཤུགས་ཆེན་གནང་བ་དང་། སྒྲིག་ལམ་ཐོག་ལ་གཟིགས་རྟོག་གནང་མཁན་ཤཱྲི་ཆུ་བཟང་གྲྭ་ཚང་གི་དགེ་བསྐོས་ཀྱི་གཙོས་དགོན་པ་ཁག་གི་ཆོས་ཐོག་རྒན་རྣམས་ནས་ལྷོད་ཡངས་མེད་པར་གནང། དེ་བཞིན་ཤཱྲི་ཆུ་བཟང་གྲྭ་ཚང་ནས་ཐེངས་འདིའི་འཇང་དགུན་ཆོས་ཀྱི་ཆོས་ཐོག་སྐབས་སྔ་ཕྱི་བར་གསུམ་དུ་གྲ་སྒྲིག་འཐུས་ཚང་གནང་བ་དང་འབྲེལ་ཡོད་བསྟན་པའི་སྦྱིན་བདག་རྣམས་ནས་ཀྱང་བསྙེན་བཀུར་ཟབ་རྒྱས་ཕུལ་བ་སོགས་ཐེངས་འདིའི་འཇང་དགུན་ཆོས་ཀྱི་ཆོས་ཐོག་ཆེན་མོ་འདི་ཉིད་གྲུབ་འབྲས་ལྡན་པའི་ངང་ཚོགས་ཐུབ་པ་བྱུང་ཡོད། བོད་ཟླ་༨། ཚེས་༢༥། འཇང་དགུན་ཆོས་ཉིན་མཐའ་མའི་ཉིན་རྒྱབ་ཏུ་འཇང་དགུན་ཆོས་ཀྱི་རྩིས་ཁྲ་སྙན་སྒྲོན་ཞུས་པ་དང་དམ་བཅའ་བཞག་མཁན་སློབ་གཉེར་བ་ཉི་ཤུ་རྩ་བཞི་ལ་གཟེངས་བསྟོད་ལེགས་འབུལ་ཕུལ་རྗེས་རིས་མེད་བསྟན་པ་རྒྱས་པའི་སྨོན་ལམ་དང་བཀྲ་ཤིས་ཚིགས་བཅད་འུར་འདོན་ངང་ནས་ཐེངས་འདིའི་ཆོས་ཐོག་ལེགས་པར་མཇུག་སྡོམ་ཞུས། སྤྱིར་བལ་ཡུལ་དགེ་ལྡན་ལྷན་ཚོགས་ནས་རང་ཁོངས་དགོན་པ་ཁག་གི་ནང་གཞུང་ཆེན་སློབ་གཉེར་སྲ་བརྟན་ཡོང་སླད་གཞུང་ཆེན་བཀའ་པོད་ལྔའི་རབ་འབྱམས་པའི་རྒྱུགས་སྤྲོད་ཆེན་མོ་ལེན་རྒྱུ་དང། དེ་བཞིན་སློབ་མ་རྩེ་ཕུད་རྣམས་ལ་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དབུས་སུ་སློབ་མ་རྩེ་ཕུད་ཀྱི་གཟེངས་བསྟོད་བྱ་དགའ་འབུལ་རྒྱུ་དང་། དེ་བཞིན་མི་མང་རྣམས་ལ་ནང་ཆོས་ངོ་སྤྲོད་གོ་སྒྲིག་བཅས་ཀྱི་ལས་འཁུར་ཞུ་བཞིན་ཡོད་ལགས་པ་བཅས་སོ།།

བལ་ཡུལ་དགེ་ལྡན་ལྷན་ཚོགས་ཀྱི་རྒྱུན་ལས་ཁང་ནས་ཕྱི་ལོ་༢༠༡༡། ཟླ་༡༠། ཚེས་༣༠། ལ།